༈ ཀྱེ་མ༑ ང་དང་པོ་ན་ཕྲ་རིག་པ་རྣོ། །མཚན་ལྡན་བླ་མས་རྗེས་སུ་འཛིན། །རིན་ཆེན་ཟབ་མོའི་གདམས་པ་ནོས། །གྲྭ་ས་དང་དགོན་གནས་འགྲིམས་ན་ཡང་། །ཆོས་སེམས་དང་སྙིང་རུས་སྤུ་ཙམ་མེད། །ངུར་སྨིག་ལྟོ་གོས་ཀྱི་ཆེད་དུ་གྱོན། །གཏི་མུག་བྱོལ་སོང་ལས་ཀྱང་ཐུ། །ཨེ་མ་དུད་འགྲོ་རུ་མི་སྐྱེ་རྒྱུ། །མགོན་བདེ་གཤེགས་རྣམ་པར་སྣང་མཛད་མཁྱེན། །སྐྱབས་ཆོས་དབྱིངས་ཡེ་ཤེས་ངོ་འཕྲོད་དེ། །ནང་སྐྱེ་མེད་གནས་ལུགས་རྟོགས་པ་དང་། །ཕྱི་འོག་མིན་བགྲོད་པའི་སྨོན་ལམ་ཞུ། །
ང་གཉིས་པ་ན་ལོན་ཀླད་པ་རུལ། །ཐེ་ཚོམ་ལོག་རྟོག་གིས་རང་མགོ་སྐོར། །རྒྱ་སྐད་དབྱིན་སྐད་སྦྱངས་སྦྱངས་ནས། །ཚན་རིག་མུ་སྟེགས་ལ་ཡ་མཚན་སྐྱེས། །དམ་པའི་ཆོས་ལ་ལོག་པར་བལྟས། །བླ་སློབ་རྣམས་ལ་སྐུར་པ་བཏབ། །མི་ཚེ་ཕྱེད་ཀ་ཞིག་སྟོང་བརླག་བྱས། །ཞེ་སྡང་སྲིན་པོ་ལས་ཀྱང་ཐུ། །ཨེ་མ་དམྱལ་བར་མི་སྐྱེ་རྒྱུ། །མགོན་བདེ་བར་གཤེགས་པ་མི་བསྐྱོད་མཁྱེན། །སྐྱབས་མེ་ལོང་ཡེ་ཤེས་རང་ངོས་ཟིན། །ནང་འཛིན་མེད་གནས་ལུགས་རྟོགས་པ་དང་། །ཕྱི་མངོན་དགར་བགྲོད་པའི་སྨོན་ལམ་ཞུ། །
ང་གསུམ་པ་ན་དར་དྲན་ཟུན་ཙམ། ཁ་ནང་བལྟས་དམ་པའི་ཆོས་ལ་ཕྱོགས། །གཏན་འདུན་ཞིག་སྙིང་ནས་སྒྲུབ་འདོད་ཀྱང་། །འཇིག་རྟེན་གྱི་སྡུག་དགུར་ཟིན་དུས་མེད། །ཡུལ་ནུབ་ཕྱོགས་མགོ་སེར་གླིང་དུ་འཁྱར། །རྒྱུ་ཨ་སྒོར་ཅིག་སྒྲུབ་གཉིས་སྒྲུབ་ནས། །ཡོད་པས་མི་ཚིམ་འདོད་པ་ཆེ། །མེད་པ་འགྱུར་དོགས་ཀྱི་བཀྲེན་རྔམ་ཆེ། །འདོད་ཆགས་རྒྱ་མཚོའི་རླབས་ལས་ཐུ། །ཨེ་མ་ཡི་དྭགས་སུ་མི་སྐྱེ་རྒྱུ། །མགོན་བདེ་གཤེགས་འོད་དཔག་མེད་པ་མཁྱེན། །སྐྱབས་སོར་རྟོགས་ཡེ་ཤེས་ངོ་འཕྲོད་དེ། །ནང་གཟུང་མེད་གནས་ལུགས་རྟོགས་པ་དང་། །ཕྱི་བདེ་ཅན་བགྲོད་པའི་སྨོན་ལམ་ཞུ། །
ང་བཞི་པ་མི་ཚེ་ཕྱེད་མཚམས་ལ། །གཞི་དབུ་མའི་ལམ་ལ་ཡིད་ཅིག་ཆེས། །ལམ་ཕྱག་རྒྱ་ཆེན་པོའི་དྲོད་ཅིག་ཐེབས། །འབྲས་བུ་རྫོགས་ཆེན་གྱི་གདེང་ཞིག་ཁྲོལ། །ལྟ་བ་བསལ་བཞག་བློ་འདས་ལྟ། །སྒོམ་པ་འཛིན་མེད་གསལ་སྣང་སྒོམ། །སྤྱོད་པ་སྙིང་རྗེས་ཀུན་བླངས་སྤྱོད། །སྐལ་ལྡན་གྱི་གྲོགས་ལ་མན་ངག་བསྟན། །སྐལ་མེད་ལ་ཐར་པའི་ས་བོན་འདེབས། །དགེ་སྒྲུབ་སྡིག་སྤོང་ལ་ཅི་ནུས་བརྩོན། །ང་རྒྱལ་ཁེངས་དྲེགས་ཀྱིས་བསླུ་སྲིད་ན། །ཨེ་མ་དམ་སྲི་རུ་མི་སྐྱེ་རྒྱུ། །མགོན་བདེ་གཤེགས་རིན་ཆེན་འབྱུང་གནས་མཁྱེན། །སྐྱབས་མཉམ་ཉིད་ཡེ་ཤེས་རང་ངོ་འཕྲོད། །ནང་ཕྱམ་བརྡལ་གནས་ལུགས་རྟོགས་པ་དང་། །ཕྱི་རིན་ཞིང་བགྲོད་པའི་སྨོན་ལམ་ཞུ། །
ང་ལྔ་པ་མ་ཤི་ཡུན་བརྟན་ན། །མི་ཚེ་ལྷག་མ་དེ་ཆོས་ལ་འབུང། །སྤྱིར་རྒྱལ་བསྟན་ཡོངས་ལ་ཕན་ཅིག་འདོགས། །སྒོས་སྡེ་གསུམ་ཆིག་སྒྲིལ་ཀྱི་དགོངས་གཏེར་འདོན། །ལྷག་པར་ཉམས་ལེན་གྱི་སྲོལ་ཁྱུན་འཛུགས། །འབྲེལ་ཚད་རིག་འཛིན་ས་ལ་འགོད། །མི་རིགས་ཡོངས་ལ་གང་འཚམ་གྱི། །ཆོས་ཟང་ཟིང་གི་ཕན་པ་ཅི་ནུས་གདགས། །རང་གཞན་ཕྲག་དོག་སློང་སྲིད་ན། །ཨེ་མ་ལྷ་མིན་དུ་མི་སྐྱེ་རྒྱུ། །མགོན་བདེ་གཤེགས་དོན་ཡོད་གྲུབ་པ་མཁྱེན། །སྐྱབས་བྱ་གྲུབ་ཡེ་ཤེས་ལྷུན་གྱིས་གྲུབ། །ནང་འགག་མེད་གནས་ལུགས་རྟོགས་པ་དང་། །ཕྱི་ལས་རྫོགས་བགྲོད་པའི་སྨོན་ལམ་ཞུ། །
ཞེས་པའང་རང་ཉིད་འགོས་ནད་ཅིག་གིས་ཟིན་ཏེ། ཉིན་ཤས་ཤིན་ཏུ་ན་ཞིང་ཡོད་དུས་སུ་འཐོང་པའི་བསམ་ཚུལ་རྣམས། གྲོགས་པོ་དྲོག་ཏྲཱར་ཨ་ནཱནྡའི་དོན་དུ། རིག་འཛིན་རྒྱུ་སྐར་དབང་པོས་ཡིག་ཐོག་ཏུ་བཀོད་པ་དགེའོ། ། ། ། Updated on 12/22/2023.