༈ ཕ་བཀའ་དྲིན་གསུམ་ལྡན་བླ་མ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །མ་ཡིད་དམ་མཁའ་འགྲོའི་གྲོགས་དན་གྱིས། །བུ་རང་འགོ་འདྲོང་པར་བྱིན་གྱིས་རློབས། །སྔོན་མན་ངག་གི་སྦྲང་ཆར་འབེབས་པའི་དུས། །རང་མོས་གུས་ཀྱི་དྲོད་བཤེར་མ་ཆུང་ན། །ད་ཉམས་རྟོགས་ཀྱི་མྱུ་གུ་སྐྱེས་ལེ་ཆེ། །འགྲོ་དོན་གྱི་འབྲས་བུ་སྨིན་ལེ་ཆེ། །ལར་སྐལ་དམན་གྱི་སློབ་བུ་རྨོངས་དད་ཅན། །ང་ཐོས་བསམ་གྱི་མཆོར་སྒེག་ཡིད་ལ་བཅང་། །སྒོམ་བསྲན་གྱི་སྙིང་རུས་རླུང་ལ་བསྐུར། །སྡུག་བསྔལ་གྱི་འདམ་དུ་ཧུར་གྱིས་མཆོང་། །དོན་མེད་ཀྱི་བསླབ་སྦྱང་བྱས་བྱེད་ནས། །དོན་ཅན་གྱི་མི་ཚེ་ཆུད་ཟད་སོང་། །ཚེ་འདི་ཡི་རྒྱུ་ནོར་བསྒྲུབ་བསྒྲུབ་ནས། །གཏན་འདུན་གྱི་བང་མཛོད་སྟོང་པར་ལུས། །ལོ་བཅུ་ཕྲག་གཉིས་ཀྱི་སོ་མཚམས་ནས། །ད་རང་སེམས་དྲན་པས་ཟིན་ཙ་ན། །ཁྱེད་ཞིང་ཁམས་གཞན་དུ་གཤེགས་ནས་གདའ། །རང་ལོང་བ་ཐང་དཀྱིལ་ལུས་ནས་གདའ། །ད་སྐྱིད་སྡུག་ཡོད་ཀྱང་ཞུ་ས་མེད། །མན་ངག་དགོས་ཀྱང་རེ་ས་མེད། །མིག་མཆི་མ་འཁྲུག་ཀྱང་དོན་གོ་ཆུང། །བྲང་སྲེན་མོས་གཤག་ཀྱང་སྙིང་པོ་མེད། །ཕ་མཁྱེན་ནོ་རྣམ་དཀར་དོན་གྲུབ་མཁྱེན། །སྤྱན་ཐུགས་རྗེས་རྒྱང་ནས་དེ་རིང་གཟིགས། །བུ་འཁོར་བའི་འདམ་དུ་ལུས་པ་ལ། །ཐུགས་བྱམས་པའི་ཕྱག་གིས་སྐྱོབས་པར་ཞུ། །བུས་རྒྱ་བོད་ཧོར་སུམ་བསྐོར་བསྐོར་ནས། །དེང་རབས་ཀྱི་བསླབ་སྦྱང་བྱས་པ་དང་། །ལོག་རྟོག་གི་རྣམ་དཔྱོད་སྤྲོ་བ་སོགས། །ཐུགས་དགོངས་པའི་དབྱིངས་སུ་དག་པར་ཞུ། །ད་ནང་ཁ་ནང་དུ་ལོག་ཀྱང་ལོག །ཆོས་སྤྱོད་ཀྱི་བྱ་འགོ་ཚུགས་ཀྱང་ཚུགས། །གཉུག་མའི་གཤིས་ལ་ལྟ་ཡང་ལྟ། །ལར་བླ་མ་དྲན་པས་ཨ་ཐང་ཆད། །ཀྱེ་དགོངས་ཤིག་དྲིན་ཅན་བླ་མ་ལགས། །གཟིགས་ཤིག་ཆོས་དབྱིངས་ཞིང་ནས་གཟིགས། །བུ་ཨ་ཐང་ཆད་པའི་སྡུག་བསྔལ་དེར། །དུས་དེ་རིང་ཐུགས་རྗེས་ཅིས་ཀྱང་གཟིགས། །ཕ་ངོ་བོ་སྐྱེ་མེད་ཆོས་སྐུ་མཁྱེན། །རང་བཞིན་འགག་མེད་ལོངས་སྐུ་མཁྱེན། །ཐུགས་རྗེ་གནས་མེད་སྤྲུལ་སྐུ་མཁྱེན། །ཀུན་འདུས་ངོ་བོ་ཉིད་སྐུ་མཁྱེན། །བུ་མོས་གུས་ཆུང་རུང་ཐུགས་རྗེས་གཟིགས། །ལས་སྐལ་བ་དམན་ཀྱངརྗེས་སུ་ཟུངས། །ཆོས་རྗེས་གནང་འོད་གསལ་སྙིང་ཐིག་གིས། །བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། ། ཛཡནྟུ། །

སླར་སྨྲས་པ་༑ ཀྱེ་ཧུད། རང་དད་དམ་སོར་གཅུད་ཀྱི་ལམ་སྙེགས་རྗེས། །ངའི་བླ་མ་བྱ་བྲལ་སྤྲོས་བྲལ་འདི། །ཞིང་གཞན་དུ་གཤེགས་པའི་ལོ་རྒྱུས་ཐོས། །བློ་ཕམ་པའི་མིག་ནས་མཆི་མ་འཁྲུགས། །ད་བླ་མ་གཞན་ཅིག་བཙལ་འདོད་ཀྱང། །ཕྱི་སྙན་གྲགས་མངའ་ཐང་འབྱོར་ལྡན་དང་། །ནང་ཁ་བཤད་མཁས་པ་མ་གཏོགས་པར། །ཚེ་འདིར་སྣང་བོར་བ་ཅང་མ་ལགས། །

ད་གདོས་བཅས་ཀྱི་བླ་མ་མི་བརྟེན་རྒྱུ། །ཁྱེད་འོད་གསལ་གྱི་ངང་ནས་འབྲལ་མེད་བཞུགས། །སྣ་མང་གི་མན་ངག་མི་བཙལ་རྒྱུ། །ཁྱེད་རྗེས་གནང་གི་ཐུགས་རྗེ་མི་ཆུང་མཛོད། །རྗེ་འགྲན་མེད་ཀློང་ཆེན་ཡབ་སྲས་མཁྱེན། །སྲས་མཚུངས་མེད་གཞན་དགའ་རྭ་ཧོར་མཁྱེན། །མགོན་གསུམ་ལྡན་རྩ་བའི་བླ་མ་མཁྱེན། །སེམས་རང་ངོ་འཕྲོད་པར་བྱིན་གྱིས་རློབས། ། དེ་ཡང་རིག་འཛིན་སྐར་མས་སོ། ། ། །