༈ ཀྱེ་མ་ཀྱི་ཧུད་ཆོས་ལྡན་སྙིང་གི་གྲོགས། །དར་ཅིག་འཛམ་གླིང་འདི་ལ་ཕར་ལྟོས་དང་། །ཕྱི་རོལ་འབྱུང་བ་བཞི་དང་གནམ་གཤིས་འཁྲུག །ནང་དུ་ནད་ཡམས་མུ་གེ་དམག་འཁྲུག་ལངས། །གསང་བར་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་གཡོས། །དུས་ངན་སྙིགས་མཐར་སླེབས་སོ་ཨ་ནཱནྡ། །ལན་ཅིག་མི་ཚེ་འདི་ལ་ཚུར་ལྟོས་དང་། །གཞོན་དུས་བསླབ་སྦྱངས་རྩོལ་སྒྲུབ་འོ་བརྒྱལ་ཆེ། །དར་དུས་དགྲ་འདུལ་གཉེན་སྐྱོང་ཉམས་ཐག་ཆེ། །རྒས་དུས་སྨན་བཅོས་རིམ་གྲོས་སྡུག་རེ་ཆེ། །འཆི་དུས་འདིར་འགྲོའི་གཏད་མེད་གུད་རེ་ཆེ། །དེ་དག་ཞིབ་མོར་སོམས་དང་ཨ་ནཱནྡ། །འཛམ་གླིང་མི་འབོར་དུང་ཕྱུར་བདུན་བརྒྱད་ཙམ། །བལྟ་ན་མི་ལུས་ཐོབ་པ་སླ་སླ་འདྲ། །འོན་ཀྱང་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས། །རྒྱུ་དཔེ་གྲངས་ཀྱིས་སྒོ་ནས་འཐོབ་པར་དཀའ། །དེ་ཡང་ནང་པའི་མི་འབོར་བལྟས་པས་ཤེས། །དལ་འབྱོར་སྙིང་པོར་ལོན་དང་ཨ་ནཱནྡ། །གནམ་འཕང་ཆོད་པའི་ཚན་རིག་ཡོན་ཏན་དང་། །སྐྱེ་ལྡན་སྨན་མཁས་འབུམ་རམས་དེ་ཚོས་ཀྱང་། །ཚེ་བསྲིང་སྨན་གྱི་དཔྱད་ཞིབ་མ་ནུས་པས། །ཀུན་ཀྱང་འཆི་བའི་ལམ་ལས་མ་ཐར་ཤིང་། །ཚེ་འདི་ནམ་འཆི་ནུབ་ཤི་ཆ་མེད་ན། །ཡུན་དུ་སྡོད་གྲབས་མ་བྱེད་ཨ་ནཱནྡ། །འགྲོ་བ་རིགས་དྲུག་གང་དུ་སྐྱེ་ན་ཡང་། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྒྱུན་ཆད་མེད། །ལྷག་པར་ངན་འགྲོའི་གནས་སུ་སྐྱེས་ཟིན་ན། །མུན་ནས་མུན་དུ་འགྲོ་བ་ཐེ་ཚོམ་མེད། །ད་རེས་ཆོས་མཐུན་སྐལ་བ་འཛོམས་དུས་འདིར། །འཁོར་བའི་ཉེས་དམིགས་སོམ་དང་ཨ་ནཱནྡ། །འཁོར་བ་འདི་ལས་འདས་པའི་ཕར་རོལ་ན། །ཐར་པའི་གྲོང་དང་དག་པའི་ཞིང་ཁམས་ཡོད། །དེ་ནང་ནད་ཡམས་དམག་འཁྲུག་མུ་གེ་དང་། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་མ་ཡིན། །ཕུན་ཚོགས་ཡོན་ཏན་གཞན་ཡང་བརྗོད་མི་ལངས། །དེ་རུ་འགྲོ་འདོད་སྐྱེད་ཅིག་ཨ་ནཱནྡ། །རྣམ་འདྲེན་བཞི་པའི་རྗེས་འཇུག་ཡང་དག་ཅིག །ཉིད་ཀྱི་དགེ་བའི་བཤེས་སུ་བསྟེན་དགོས་ཀྱང་། །ད་ལྟ་སྙིགས་མ་ལྔ་བདོའི་ཡང་མཐའ་འདིར། །མཚན་ལྡན་ཡང་དག་མཇལ་བ་ཤིན་ཏུ་དཀའ། །མིང་ཆེན་རྗེས་སུ་རྨོངས་དད་མ་བྱེད་པར། །འཁྲུལ་ཞིག་བླ་མར་བསྟེན་ཅིག་ཨ་ནཱནྡ། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུགས་སོགས། །ཆོས་རྒྱུད་བཞི་ཀ་ཤཱཀ་ཐུབ་བསྟན་པ་ཡིན། །ཕྱག་རྫོགས་དབུ་མ་སྟོང་ཉིད་འཆད་པ་ཡང་། །ལུང་གི་བསྟན་པ་འཛིན་པའི་ཚུལ་ཙམ་ཡིན། །རང་ཅག་གཏན་གྱི་འདུན་མ་སྒྲུབ་དུས་འདིར། །ལོང་མེད་གཅིག་སྒྲིལ་དགོས་སོ་ཨ་ནཱནྡ། །ཧམ་ཚ་ཁ་ཕོ་ཆེ་བའི་ཆོས་བཤད་དང་། །ཡིན་མདོག་ལུང་རིག་མཁས་རྣམས་མཐོང་བའི་དུས། །དང་པོ་ཞི་ཞིང་དུལ་བའི་སྤྱོད་ལམ་བརྟག །དེ་ནས་རྒྱུད་ལ་ཉོན་མོངས་ཡོད་མེད་བརྟག །ཞི་དུལ་ཉོན་མོངས་མེད་རྣམས་སྤྱི་བོར་སྐུར། །དེ་མིན་གཞན་དག་སྤོངས་ཤིག་ཨ་ནཱནྡ། །ཆོས་དང་བླ་མར་མི་ཕྱེད་དད་པ་དང་། །ཆོས་ཚུལ་བཞིན་དུ་སྒྲུབ་པའི་ཚུལ་ཁྲིམས་ཀྱིས། །ཆོས་ཚིག་རེ་རེ་ཐོས་ཀྱང་རང་སེམས་འདུལ། །ཆོས་བཞིན་སྦྱིན་དང་ངོ་ཚ་ཁྲེལ་ལ་བསླབ། །རྣམ་དཔྱོད་ཆོས་ཀྱི་ཕྱོགས་སུ་སྤེལ་བ་ཡིས། །འཕགས་ནོར་བདུན་པོ་སྒྲུབས་ཤིག་ཨ་ནཱནྡ། །སྦྱིན་དང་ཚུལ་ཁྲིམས་བཟོད་པར་སྒོམ་པ་སོགས། །ཕར་ཕྱིན་འོག་མའི་བསོད་ནམས་ལས་བརྩམ་ཏེ། །བྱང་ཆུབ་བརྩོན་པའི་སེམས་ཉིད་མ་ཡེངས་པར། །ཅི་བྱས་དམ་པ་གསུམ་གྱིས་རྩིས་ཟིན་ན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་དུ་རྫོགས། །ནན་ཏན་དོ་ནན་མཛོད་ཅིག་ཨ་ནཱནྡ། །མཐོན་པོའི་གོ་གནས་དབང་ཐང་གཟི་བརྗིད་དང་། །རྫིག་པོའི་ཁང་ཁྱིམ་མོ་ཊ་ཨ་སྒོར་སོགས། །འཕྲལ་དུ་ཕྱུག་ཕྱུག་འདྲ་བའི་ཕུན་ཚོགས་རྣམས། །འཆི་ཚེ་རང་མཉམ་ཁྱེར་དབང་མི་འདུག་པས། །ཅི་ནུས་ཆོས་དང་དགེ་བའི་ཕྱོགས་སུ་གཏོང་། །ནོར་ལ་ཞེན་ཆགས་སྤོངས་ཤིག་ཨ་ནཱནྡ། །ཁ་པར་གློག་འཕྲུལ་ཉར་ཚགས་ཅ་ཟིང་དང་། །ཛ་དྲག་གསར་འགྱུར་ཀློག་དང་ལྟད་མོར་བལྟས། །སྲིད་དོན་ཚོང་འབྲེལ་ཆོས་ཕྱོགས་རྩོད་གླེང་སོགས། །དགེ་སྦྱོར་འཕྲོག་པའི་བདུད་ཀྱི་ཆོ་འཕྲུལ་ཡིན། །ལྟར་སྣང་དགའ་དགའ་འདྲ་ཡང་སྡུག་བསྔལ་ཏེ། །ལྷ་ཆོས་ཁོ་ནར་བརྩོན་ཅིག་ཨ་ནཱནྡ། །ཆོས་ཀྱི་རྩ་བ་སེམས་ལ་ཐུག་པ་ཡིས། །སེམས་ཉིད་འཐུལ་ན་ཆོས་ནི་དེ་ཀ་ཡིན། །དེ་མིན་ལུས་ནི་ཆོས་སྒོར་ཞུགས་ན་ཡང་། །ཆོས་ཚུལ་བཞིན་དུ་སྒྲུབ་པ་ཤིན་ཏུ་དཀའ། །དེ་ཕྱིར་རང་དབང་གཞན་འཚོང་མི་རེ་བར། །གཅིག་པུར་རང་སེམས་ཐུལ་ཅིག་ཨ་ནཱནྡ། །སེམས་སྣང་སྐྱེ་འགག་མེད་པའི་གཞི་དབྱིངས་དང་། །གནས་ལུགས་འདུ་འབྲལ་མེད་པའི་དགོངས་པ་གཉིས། །མྱང་འདས་འཁོར་བ་གཉིས་ཀྱི་སོ་མཚམས་ཡིན། །བལྟ་ན་མཐའ་གྲོལ་ཡེ་ཤེས་འདི་ན་གསལ། །རིག་ན་གདོད་མའི་རྒྱལ་ས་དེ་ཀས་ཟིན། །དེ་མིན་འཁོར་བ་འཁྱམ་མོ་ཨ་ནཱནྡ། །གཞན་ཕན་ཆོས་སྣང་རྭ་ཧོར་ཆོས་གྲགས་དང་། །མཁན་མཆོག་རྣམ་དཀར་དོན་ཀུན་གྲུབ་པ་སོགས། །འབྲལ་མེད་སྤྱི་གཙུག་སྒོམ་སྟེ་གསོལ་བ་ཐོབས། །མཆོག་ཐུན་དངོས་གྲུབ་འབྱུང་བ་ཐེ་ཚོམ་མེད། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །རང་དྲིན་རང་ཆེ་མཛོད་ཅིག་ཨ་ནཱནྡ། །ཚེ་འདིར་ང་ཚོ་ཡུད་ཙམ་འཛོམས་པ་ཡང་། །བརྒྱུད་པའི་བླ་མ་ཁོང་གི་ཐུགས་རྗེ་ཡིན། །ཕྱི་མར་དག་པའི་ཞིང་དུ་མཇལ་བ་ལ། །ཐེ་ཚོམ་སོམ་གཉིས་མེད་པའི་བྱིན་རླབས་ཡོད། །ཆོས་དང་མན་ངག་རྟེན་འབྲེལ་བསླུ་མེད་ལ། །ཡིད་ཆེས་མོས་གུས་སྤོར་ཅིག་ཨ་ནཱནྡ། །ང་ནི་ཧཱ་བཱཌ་གཙུག་ལག་མ་ཐོན་པས། །ཁྱོད་ལ་ལེགས་པར་བཤད་པའི་ཧམ་ཆེ་རུང་། །ཚིག་སྙན་དོན་ཟབ་མཛེས་སྤྲོས་སྡེབ་མ་ནུས། །འོན་ཀྱང་རྗེས་སྣང་ཐེབས་པའི་རིག་འཛིན་ཡིན། །དེ་ཕྱིར་བགོས་པའི་ཚིག་རྐང་རེ་རེ་བཞིན། །སྙིང་ལ་གཅེས་པར་ཆོངས་དང་ཨ་ནཱནྡ། །དེ་ལྟར་ཁྱོད་ལ་གདམས་པའི་བསླབ་ཕྲེང་འདི། །འཕྲལ་དུ་ཡིད་དབང་འཕྲོག་པའི་རྒྱན་མེད་ཀྱང་། །དད་ཅན་རྒན་མོར་སྦྱིན་པའི་ཁྱི་སོ་བཞིན། །མཇུག་ཏུ་བྱིན་རླབས་འཇུག་པའི་རྟེན་འབྲེལ་ཡོད། །དེ་ཡི་དགེ་བས་མཐོང་ཐོས་དྲན་རེག་ཀུན། །རི་བོ་གྲུ་རྫིངས་ཞིང་དུ་སྐྱེ་གྱུར་ཅིག །  ། །ཅེས་པའང་ཕྱི་ལོ་༢༠༢༢ ལོར་འཛམ་བུའི་གླིང་དུ། ནད་ཡམས་དང་མུ་གེའི་འཇིགས་པས་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། ལུང་ཕྱོགས་ག་ས་ག་ལར་དམག་འཁྲུགས་ལངས་པ་དང་། དཔལ་འབྱོར་ཉམས་དམས་ཀྱི་ཞེད་སྣང་ནི། རྟ་གདོང་རྒོད་མ་ཁའི་མེ་ལྟར་འབར་བའི་དུས་སུ། དད་ལྡན་གྱི་གྲོགས་པོ་དྲོག་ཀྲཱར་ཨ་ནཱནྡར་བློ་སྟོབས་སྐྱེད་པ་དང་། ཆོས་ལ་བསྐུལ་བ་ཟུང་འབྲེལ་དུ། རིག་འཛིན་རྒྱུ་སྐར་གྱི་དབང་པོས་གདམས་པའོ། ། 
 
Updated on 08/28/23.