༈ ཉོན་དང་གསོན་དང་འདིར་ཚོགས་རྣམས། །ང་དེ་རིང་གླུ་ཅིག་མི་ལེན་རྒྱུ། །ཁྱེད་ཡོན་བདག་གཉིས་པོ་ཨུ་ཚུགས་ཆེ། །རང་སྐྱིད་པའི་སྣང་བ་འུར་ཚོད་ཆེ། །ལར་སྙན་པའི་ཚིག་དང་ཟབ་མོའི་ལུང་། །རང་གོ་ཡུལ་ཞན་པས་བཤད་རྒྱུ་མེད། །འོན་ཀྱང་ཁྱེད་རྣམས་མགུ་བ་དང་། །རྗེ་མི་ལའི་ལད་མོར་འདི་སྐད་ཞུ། །ང་ཨ་ཏིའི་ཡོ་གི་གཉིད་ལ་དགའ། །ཁྱེད་ཡོན་བདག་བློ་སེང་ཆང་ལ་དགའ། །མོ་ཨ་ཅག་གཡུ་སྒྲོན་ཁ་དཔར་དགའ། །དེང་དུས་ཡོན་མཆོད་ཀྱི་འགྲོ་སྟངས་ལགས། །ང་ཡོ་གི་གཉིད་ལ་དགའ་བ་དེ། །གཏི་མུག་འོད་གསལ་སྦྱངས་པ་ཡིན། །སྒོམ་ན་ཆོས་དབྱིངས་ཡེ་ཤེས་ངང་། །མ་བསྒོམ་རྣམ་སྣང་རང་བྱུང་ངང་། །ཁྱོད་ཡོན་བདག་ཆང་ལ་དགའ་བ་དེ། །ཞེ་སྡང་རང་སོར་གཞིལ་བ་ཡིན། །མེ་ལོང་ཡེ་ཤེས་ཀྱི་ལྷ་ལམ་ལས། །མི་བསྐྱོད་ཀྱི་ཟླ་ཞལ་མཇལ་ནས་ཡོང་། །མོ་ཨ་ཅག་ཁ་དཔར་དགའ་བ་དེ། །འདོད་ཆགས་གཟུང་མེད་སློབ་པ་ཡིན། །ཀུན་རྟོགས་ཡེ་ཤེས་ཀྱི་མྱོང་ཚོར་གྱིས། །བདེ་ཆེན་ནང་ནས་རྒྱས་ཏེ་ཡོང་། །གཉིད་དང་ཆང་དང་ཁ་དཔར་གསུམ། །གྲྭ་པས་ཅིག་ཅར་འཛེམ་པ་དགོས། །སྔགས་པས་བག་ཡོད་སྤྱོད་པས་ཆོག །ཁྱིམ་པས་ཡུལ་དུས་བསྟུན་ན་ལེགས། །སད་དང་གཉིད་དང་རྨི་ལམ་གསུམ་། །དུ་མ་རོ་གཅིག་ཏུ་ཅེར་རེ་ལྟོས། །གསོན་དང་ཤི་དང་བར་དོ་ལ། །རོ་སྙོམས་སུ་མཐོང་བའི་རྟེན་འབྲེལ་ཡོད། །གྱོངས་ཧྲེངས་སྡང་གསུམ་གྱི་སེམས་གླང་དེ། །ཁྱོད་བྱམས་དང་སྙིང་རྗེ་བརྩེ་བས་འདུལ། །རྒྱལ་འགོང་གི་གཞི་ཕུགས་བརྡོལ་བ་ཡིས། །མི་འདོད་ཀྱང་མངོན་དགར་སླེབས་ནས་འགྲོ །གཏམ་སྙན་དང་མི་སྙན་གཏང་སྙོམས་གསུམ། །ཁྱོད་རོ་སྙོམས་བྲག་ཆར་ལྟོས་ཤིག་ཨང་། །ཕུང་དམ་སྲིའི་རྩ་མདུད་དེ་ཀས་གྲོལ། །བདེ་ཅན་གྱི་དར་ལམ་སྣང་བར་གྱུར། །ང་སྒྱུ་མའི་ལུས་ཀྱི་དབེན་གནས་སུ། །སེམས་ཞི་གནས་ལྷག་མཐོང་སྒོམ་སྒོམ་ནས། །རིག་འཛིན་གྱི་ས་ལམ་བགྲོད་པ་ལ། །ཁྱེད་ལོག་རྟོག་གི་སོམ་ཉིད་མ་བྱེད་ཅིག །ཚིག་སྙན་འཇེབས་མེད་པའི་གླུ་ཆུང་འདི། །སྐད་འགྱུར་འཁུག་མེད་ཀྱང་དབྱངས་སུ་གྱེར། །ཁྱེད་སེམས་ལ་འཐད་ཀྱང་མ་འཐད་ཀྱང་། །རང་རྣལ་འབྱོར་བསམ་པ་རྫོགས་པ་ཡིན། ། ཞེས་པའང་གཱེ་རིད་ལ་ཐོག་ཏུ་ ཡོན་བདག་བློ་གྲོས་སེངྒེ་བཟའ་ཟླའི་ངོར་ རིག་འཛིན་རྒྱུ་སྐར་དབང་པོས་ གང་དྲན་བཤད་པ་རྣམས་མགུར་གླུའི་ཚུལ་དུ་བཀོད་པ་དགེའོ། །