༈ ཀ་ནས་ཐོས་དང་བསམ་པའི་ཡོ་ལང་གིས་བསླུས་ཤིང་། །ཁ་རྡུལ་ཁྱགས་རོམ་གཡོགས་པའི་གངས་ཁྲོད་ནས་བྲོས་ཏེ། །ག་གེའི་གྲོང་ན་ཁྱི་ཉུལ་འདྲེ་ཉུལ་དུ་སོང་བ། །ང་ཚོ་རང་གིས་རང་སླུའི་བྲེལ་འཚུབ་ལ་ལྟོས་དང་། །ཅ་ཅོ་ཀུན་གྱི་འབྱུང་གནས་ཁ་པར་གྱི་འཆང་སྤྱོད། །ཆ་བྱད་གནས་ཡུལ་དུས་སོགས་འཛེམ་མེད་དུ་བསྟར་བ། །ཇ་ཐུན་ཙམ་མིན་ཉིན་མཚན་བར་མེད་དུ་བྱས་པས། །ཉ་ཉོར་མི་ཚེ་ཟད་པའི་སོས་དལ་ལ་ལྟོས་དང་། །ཏ་ཀུས་རང་དྲུད་རྒྱག་པའི་ལོ་ཚད་ལ་སླེབས་ཀྱང་། །ཐ་ཤལ་གཞོན་ནུའི་སྤྱོད་པ་བྱུང་བརྒྱལ་དུ་སྐྱང་ནས། །ད་ལྟ་མི་དགའ་ཕྱི་མ་མི་སྐྱིད་ལ་སྦྱོར་ཏེ། །ན་འདྲེད་སྤང་ཐོགས་འཆི་རྒྱུའི་སྙིང་རིང་ལ་ལྟོས་དང་། །པ་ད་འགྲང་དྲོད་བསྙམས་པའི་ཆོས་གཟུགས་ཤིག་གཟུང་ནས། །ཕ་གིའི་འཇིག་རྟེན་ཕྱི་མ་རྒྱང་རིང་དུ་འཕེན་ཏེ། །བ་ཉལ་མཛོ་གྲོད་འཚོ་སྐྱེལ་གུ་ཡངས་སུ་ཀློད་པའི། །མ་རབས་དོ་མེད་ང་ཚོའི་རྟག་འཛིན་ལ་ལྟོས་དང་། །ཙ་ནས་ངེས་འབྱུང་སྐྱོ་ཤེས་སྐྱེས་པ་ཞིག་མེད་པས། །ཚ་ཚིག་ཀུན་སྤྱོད་ངན་པ་ཇི་འགེག་གིས་མ་ཁེག །ཛ་དྲག་ཆོས་བརྒྱད་སྣང་ཞེན་ཟང་རྡོལ་དུ་ཤོར་ཚེ། །ཝ་ལེར་རང་མདོག་དོད་པའི་ཐ་ཤལ་ལ་ལྟོས་དང་། །ཞྭ་གོས་དམར་སེར་འཚོ་བའི་མཐུན་རྐྱེན་དུ་སྐོན་ཏེ། །ཟ་ཆོ་འཐུང་ཆོ་བསྟན་འགྲོའི་ཞབས་དོན་དུ་སེམས་པའི། །འ་ཅག་སྙིགས་མ་ལྔ་བདོའི་ཆོས་པ་ལ་བསམ་པས། །ཡ་བོའི་རེ་ཐག་ཆོད་པའི་སྐྱོ་སྣང་ལ་ལྟོས་དང་། །ར་ནད་ལུག་དཀྲི་དེང་སང་མི་རིགས་ཀྱི་བསམ་ཚུལ། །ལ་འུར་ཆོས་དང་ཡ་རབས་ལམ་སྲོལ་ལ་འཁངས་ཤིང་། །ཤ་ཚའི་གྲོས་ལ་གནའ་བོའི་སྒྲུང་གཏམ་དུ་ལྟ་བའི། །ས་ཁྲེགས་རྡོ་ཁྲེགས་གཞོན་སྐྱེས་རྣམ་དཔྱོད་ལ་ལྟོས་དང་། །ཧ་ཅང་བསྟན་པའི་གནས་ཚད་རྫོགས་རན་ལ་ཁད་དེ། །ཨ་ཁ་ཆོས་མིན་སྤྱོད་པས་འཛམ་གླིང་འདི་ཁེངས་དུས། །ཨ་ནེའི་ཐུགས་སེམས་དྲན་ཤེས་བག་མེད་ནས་ལངས་ཏེ། །ཧ་གེར་ཆོས་ལ་བརྩོན་པའི་སྐུལ་མ་ཞིག་ཞུའོ། ། ། །ཞེས་པའང་བཙུན་མ་ངག་དབང་གིས་བསྐུལ་ངོར་རིག་འཛིན་རྒྱུ་སྐར་གྱི་དབང་པོས་ཡིན་ཡིན་བདོག་བདོག་ཏུ་སྨྲས་པའོ།། །།