༈ ཀ་མ་ལ་ལྟར་མཛེས་པའི་སྨིན་ལེགས་མ། །ཁ་གཅང་སྙན་པའི་དབྱངས་ཀྱི་མགྲིན་བཟང་མ། །ག་གི་སེམས་ལའང་བདེ་སྟེར་ཡིད་དགའ་མ། །ང་ཡི་ལྷ་མོ་བློ་གཏེར་དབྱངས་ཅན་རྒྱལ། །ཅ་ཅོལ་སྐྱོན་ཀྱི་མཐའ་བྲལ་གཟུགས་ཅན་མ། །ཆ་གཏེར་སྤྱན་རས་ཡངས་པའི་འོད་འཁྱུག་མ། །ཇ་ཧོང་དར་གོས་སྐར་ཚོགས་འབུམ་བརྒྱན་མ། །ཉ་གང་ཟླ་བཞིན་ཁྱོད་ནི་ཀུན་ལ་སྨན། །ཏ་ར་ནི་དང་བསིལ་ཟེར་ཡིད་འོང་མར། །ཐ་གོག་ཡན་དུ་གཤིབ་པའི་དམའ་འབེབ་མ། །ད་ཀ་བདེ་གཤེགས་སྤྱན་གྱི་ཟུར་འཕྲོག་མ། །ན་དའི་ལྷ་མོར་མཛེས་སྡུག་སུ་ཞིག་འགྲན། །པ་མའི་གདན་ན་འགྱིང་བའི་མཚར་སྡུག་མ། །ཕ་རོལ་དོན་ལ་ཆགས་པའི་ཟིལ་ལྡན་མ། །བ་སྤུ་རེ་རེས་དགའ་བའི་གཟེར་འདེབས་མ། །མ་ལུས་བདེ་ཆེན་བསྐྱེད་པའི་ངོ་མཚར་རྨད། །ཙ་མདངས་མཆུ་སྒྲོས་བྱུ་རུའི་འོད་ཅན་མ། །ཚ་སེལ་བདུད་རྩིའི་མཆིལ་མས་མྱོས་བྱེད་མ། །ཛ་ལང་སྐྱེས་བུར་ངལ་གསོའི་རླན་བསྐྱེད་མ། །ཝ་རུ་ན་ཡའི་བུ་མོ་ཁྱོད་ལས་སུ། །ཞ་རིལ་བློ་འཁུམས་ཀུན་ལ་རྗེས་བརྩེ་མ། །ཟ་འོག་མངོན་མཐོའི་མལ་ན་མཛའ་གདུང་མ། །འ་འུབ་ངེས་ལེགས་ཁྱིམ་དུ་དཔལ་སྐྱེད་མ། །ཡ་གད་བག་མ་གསར་པའི་སྣ་ལེན་མཚར། །ར་རར་གདོད་མའི་གནས་ལུགས་རྗེན་སྟོན་མ། །ལ་ལར་སྟོང་གཟུགས་ཆེན་མོའི་ནང་འདྲེན་མ། །ཤ་ཚ་སྐྱེ་དགུ་ཀུན་ལ་ཆ་སྙོམ་མ། །སྭ་ར་ས་སྟི་སྲིད་ཞི་ཀུན་ན་འཕགས། །ཧ་ཅིང་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་མ། །ཨ་ཉོག་བློ་མུན་སེལ་བའི་བརྩེ་ལྡན་མ། །ཧ་ཐལ་མཛའ་མོར་རོལ་བའི་སྙིང་སྡུག་མ། །ཨ་དོན་རྗེན་པར་སྟོན་པའི་ངོ་མཚར་རྨད། །ད་རིས་རིག་པའི་ཁམས་ནི་བྱིང་འཐིབས་ཤིང་། །སྡུག་རུས་འཁྲུལ་སྣང་དུ་མས་མུ་འཐུད་དུས། །གསང་ཆེན་དགའ་མ་ཁྱེད་ལ་ལེགས་བསྟེན་ན། །ཀློང་གསལ་དགོངས་པ་བཀྲོལ་ལ་བློ་གྲོས་སྩོལ། །དབྱངས་ཅན་ཡིད་བཞིན་འཁོར་ལོའི་ལྷ་ལམ་ནས། །སྲིད་ཞིའི་དཔལ་ཡོན་གྲུ་ཆར་བསིལ་བ་འདིས། །བདག་བློའི་ནོར་འཛིན་ཞིང་ཁྱོན་རབ་རླན་ཏེ། །ལེགས་བཤད་མྱུ་གུས་ཕྱུག་པར་གྱུར་ཅིག་གུ །ཞེས་པའང་རང་ཉིད་ ཉིན་ཤས་སེམས་ངལ་ཐག་པ་དང། རིག་པ་བྱིང་འཐིབས་པ་ནར་མར་བྱུང་དུས་ཤིག་ན། རིག་འཛིན་རྒྱུ་སྐར་དབང་པོས། དབྱངས་ཅན་མར་བསྟོད་ཁུལ་དུ་བཀོད་པའོ། །སརྦ་མངྒ་ལཾ།

This piece has been almost entirely rephrased on 10/24/2023. Previous version has been archived...