༈ ཀུན་ཁྱབ་ཡིད་ཀྱི་ཀློང་ནས། །མཚོ་བྱུང་འཛུམ་མུལ་ཤིག་ཤིག །བློ་གྲོས་ཀུ་མུད་སྦུབས་ནས། །ལེགས་བཤད་ཟིལ་མངར་ཐུལ་ཐུལ། །སྙིང་དབུས་དད་པའི་ཟེའུ་འབྲུར། །དྲིན་ཅན་བླ་མ་བཞུགས་དང་། །འབྲལ་མེད་མཆོད་པའི་དྲི་བསུང་། །ལྷ་ལམ་དབྱིངས་སུ་གཏུལ་ཆོག །ཨ་རི་མི་ཚོགས་འདུས་ས། །འབྱོར་ལྡན་སྐྱིད་པས་འཚེང་ཀྱང་། །ནོར་མེད་དབུལ་པོ་ཕལ་ཆེར། །ཟིན་མེད་ལས་ཀས་མནར་འདུག །འཕགས་ནོར་རྗེས་སུ་སྙེག་པའི། །སྙིགས་མཐའི་རྣལ་འབྱོར་སྐར་མ། །ཨ་སྒོར་འདོད་པ་མེད་པས། །འབྱོར་ལྡན་ལས་ཀྱང་སྐྱིད་དོ། །ཚེ་སྟོད་ཆོས་སྒོར་བཅུག་པ། །དྭ་ཕྲུག་གསོ་བའི་སྲོལ་ངན། །ད་ལྟ་ཆོས་ཚུགས་ཟིན་པ། །ཨ་ཕོ་འཇོན་པའི་བྱོས་བཟང། །གངས་ལྗོངས་ཧི་མ་ལ་ཡར། །སྐྱེས་པའི་སྐལ་བཟང་སེམས་ན། །ནུབ་ཕྱོགས་མགོ་སེར་ནོར་ལ། །སེམས་པ་ཤོར་དོན་མིན་འདུག །འོན་ཀྱང་རང་ཡུལ་སྤང་སྟེ། །མི་ཡུལ་རྒྱང་མཐར་འཕེན་ཚེ། །དགའ་སྐྱོ་འདྲེས་མའི་འཁྲུལ་སྣང་། །དེ་ལ་ཟད་མཐའ་མིན་འདུག །གཞོན་དུས་བླ་མའི་དྲུང་ནས། །ནང་ཆོས་ཐོས་ཤིང་བསམ་པས། །རྒས་དུས་སྒོམ་བྱན་གཙུད་པ། །ཨེ་མ་སྐལ་བ་བཟང་ངོ་། །ཧཱ་བྷཌ་གཙུག་ལག་གོང་མར། །སོན་ན་དགའ་ཙམ་གདའ་སྟེ། །རྣལ་འབྱོར་དུས་མཐུན་བློ་ལྡན། །དེ་གས་ཆོག་པ་འདུག་གོ །དགའ་དགའ་ཧི་མ་ལ་ཡ། །དུང་དུང་ཡིད་ལ་དྲན་བྱུང་། །སྐྱིད་སྐྱིད་བོད་རིགས་སྤུན་ཟླ། །ཐང་ཐང་བདེ་མོར་ཡོད་དམ། །མཚན་ལྡན་བླ་མའི་མན་ངག །སླར་ཡང་ཞུ་སྙིང་འདོད་ནས། །ལུས་སྐྱེས་ལང་ལོང་གཡོས་ཤིང་། །མོས་པའི་མཆི་མ་འཁྲུག་བྱུང་། །ལུས་པོ་ཨ་རི་ཉུལ་ཉུལ། །བློ་དེ་ཨ་ཐང་ཆད་ཆད། །རི་ཁྲོད་ཡིད་ལ་མནག་མནག །སེམས་དེ་འཕྲོ་རེ་དགོད་རེ། །འགྲོ་དགོས་འགྲོ་དགོས་བསམ་པ། །འགྲོ་ས་ལམ་ཁ་མི་འདུག །བསྡད་ཀྱི་བསྡད་ཀྱི་བསམ་པ། །བསྡད་བྲོ་ཁ་པོ་མི་འདུག །ད་དུང་ད་དུང་སེམས་ཀྱི། །ཡང་ཡང་ཁྱེར་སོ་རྗེས་ཤིང་། །དེ་བས་གཉེར་མ་བརྗེ་བ། །ཨེ་མ་དེ་འདྲའི་འཕྲལ་འཚུབ། །རང་ཉིད་ཅིག་པུ་ཡིན་ན། །བསམ་རྒྱུ་ཆོས་ལས་མེད་པས། །ལམ་སང་རི་ཁྲོད་སོང་སྟེ། །ཆོས་ཕུགས་སྤྲང་གཏོད་བྱ་ཆོག །རང་རྟེན་འཁོར་དང་འཁོར་ཡུག །ལྟོགས་ཤིར་བསྐྱུར་བ་མ་ཕོད། །མི་ཡི་སྐྱིད་སྡུག་བལྟས་པས། །རང་དོན་ཆད་ལ་ཁད་སོང་། །ཆོས་སྲིད་མཉམ་འཛིན་རུང་བ། །གསང་སྔགས་ཁྱད་ཆོས་སྐད་ཀྱང་། །ཟུང་འབྲེལ་ཅ་ཟིང་ཇུས་གཏོགས། །ང་ལ་འདོད་པ་མིན་འདུག །ལུས་པོ་གྲོང་འཁྱར་ཕ་བོང་། །མི་འདོད་ཁྲིམས་ཀྱིས་བགོར་ཀྱང་། །སེམས་ཉིད་དགོན་འགྲིམ་བྱི་ཅུང་། །ཚོགས་དྲུག་ཡུལ་ལས་ཨེ་འཁོག །འགྲོ་ན་རྐང་པ་མགྱོགས་ཤིང་། །ལྟ་ན་མིག་ཀྱང་གསལ་བ། །སྐད་རིག་་སྣ་ཚོགས་ཤེས་མོད། །འཁོར་བའི་སྒྲོག་གིས་འཆིང་སོང་། །ཕྱིན་ན་དགོན་པ་དགའ་ཡང་། །མ་ཕྱིན་གྲོང་ན་ལྷགས་ཀྱི། །ལུས་པོ་དེ་ཀར་བཞག་ནས། །སེམས་འདི་ཐང་ཐང་བསྐོར་འགྲོ། །རྟ་བརྒྱ་ཕ་ཡུལ་བསྐྱུར་ནས། །རྐང་ཐང་བསྐྱོད་པའི་ཚོང་པ། །རང་སེམས་ཧར་ཧར་ཁྲལ་ཀྱིན། །བེམ་རིག་བྲལ་ལ་ཁད་བྱུང་། །ཁ་གཉེ་ཡས་འདོགས་མས་འདོགས། །གཏན་འདུན་ཕྱི་གཤོལ་རྒྱབ་གཤོལ། །སེམས་ཉིད་ཕར་ཡེངས་ཚུར་ཡེངས། །ཀྱེ་མ་བླ་མ་མཁྱེན་ནོ། །ཡིད་ལ་དཔལ་ལྡན་བླ་མ། །འབྲལ་མེད་རྟག་པར་བཞུགས་ཏེ། །ཨ་དོན་སྐྱེས་མེད་རྟོགས་པའི། །མཆོག་གི་དངོས་གྲུབ་སྩོལ་ཤོག །ངག་ལ་བློ་གཏེར་དབྱངས་ཅན། །འབྲལ་མེད་རྣམ་ཀུན་འཁྱུད་དེ། །ལེགས་བཤད་ཉིང་ཁུ་འབྱིན་པའི། །ཐུན་མིན་དངོས་གྲུབ་སྩོལ་ཤོག །ལུས་ལ་བདེ་ཆེན་མཁའ་འགྲོ། །བར་མེད་དགྱེས་པར་རོལ་ཏེ། །ཚེ་རིང་ནད་མེད་འཚོ་བའི། །ཐུན་མོང་དངོས་གྲུབ་སྩོལ་ཤོག ། ། །ཅེས་པའང་གྲོགས་པོ་སི་ཀཱན་དས་བསྐུལ་བའི་ངོར་རིག་འཛིན་རྒྱུ་སྐར་དབང་པོས་སོ། །

དྲན་ཐོ༑ ངག་རྩོམ་འདི་བརྒྱ་དཔྱ་ཕྱེད་ཙམ་ཕྱིར་དབྱུང་བཏང་བས་འགོ་མཇུག་འབྲེལ་མེད་དུ་གྱུར། །