༈ ཚེ་རབས་བསགས་པའི་ལེགས་ཉེས་ཀརྨ་ཡི་དབང་གིས། །རེ་ཞིག་ཕྱུག་མིན་དབུལ་མིན་དྭ་ཕྲུག་ཏུ་སྐྱེས་ཀྱང་། །རང་སྣང་སྣ་ཚོགས་རང་གྲོལ་སྙིང་དབུས་ནས་མཇལ་བས། །ཨ་མས་སྐྱེས་པ་ཕལ་གྱི་དོ་ཟླ་རང་མིན་ནོ། །མཐའ་བྲལ་མཁའ་ལ་འཆར་བ་སྒྱུ་སྐར་གྱི་དབང་པོ། །མཁྱེན་བརྩེ་འོད་ཟེར་སྒྱུ་མའི་ཁྱུ་ཚོགས་ཀྱི་བཀོད་པ། །གང་དེས་རྗེས་སུ་འཛིན་པའི་དགའ་སྟོན་ལ་བསམ་ན། །གང་བྱུང་མང་བྱུང་ཕལ་གྱི་དོ་ཟླ་རང་མིན་ནོ། །བསམ་མི་ཁྱབ་པའི་འཁྲུལ་འཁོར་དགྲ་ཚུལ་གྱི་མཁའ་ནས། །འཕྱ་དམོད་མི་སྙན་འབྲུག་སྒྲ་ཐོགས་སེར་དུ་འབེབས་ཀྱང་། །ཚུལ་འཆོས་ཀླེན་ཀའི་ཡལ་ག་འགུལ་མེད་ཀྱི་ཤིང་རེངས། །ནགས་རོང་དོགས་མོར་སྐྱེས་པའི་དོ་ཟླ་རང་མིན་ནོ། །བརྡ་དང་ཐ་སྙད་སྐད་རིགས་སྤྱི་ཚོགས་ཀྱི་ཤེས་བྱ། །ཕྱི་ཆོས་ནང་ཆོས་ཚན་རིག་བྱེ་བྲག་གི་ཡོན་ཏན། །དོན་གསལ་འཁྲུལ་མེད་སྟོན་པའི་དེབ་ཐེར་ནས་སྦྱངས་འདིས། །བཤེས་གཉེན་བརྟེན་པ་ཕལ་གྱི་དོ་ཟླ་རང་མིན་ནོ། །ཐུགས་རྗེ་མཚུངས་ཟླ་བྲལ་བའི་དྲིན་ཅན་གྱི་བླ་མར། །ངོ་ལྐོག་གཞི་ནས་མེད་པའི་རང་བཞིན་གྱི་དམ་ཚིག །པད་འབྱུང་ངོ་བོར་བཅོས་མིན་ཡིད་ཆེས་ཀྱིས་འཇོག་པས། །བླ་མ་བསྟེན་ཚུལ་ཕལ་གྱི་དོ་ཟླ་རང་མིན་ནོ། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཤིག་བསྐྱེད་ཅིང་། །ཅི་གསུང་ཚད་མར་འཛིན་པའི་གཅེས་སྤྲས་ལ་འབད་པས། །འགྱུར་མེད་སེམས་ཀྱི་དད་པ་སྙིང་དབུས་ནས་སྐྱེས་འདིས། །ཟང་ཟིང་ཞབས་ཏོག་ཕལ་གྱི་དོ་ཟླ་རང་མིན་ནོ། །ཕྱི་ནང་སྒྲོ་འདོག་གཅོད་པའི་ཞེ་འདོད་ཀྱི་སྒོ་ནས། །གཅིག་པུར་སྡུག་སྒུར་ཚུགས་པའི་སྙིང་རུས་ཅིག་བསྐྱེད་དེ། །འགྲོ་ཆག་ཉལ་འདུག་ཐམས་ཅད་ཏིང་འཛིན་དུ་ཁྱེར་འདིས། །སྒྲུབ་པའི་ཞབས་ཏོག་ཕལ་གྱི་དོ་ཟླ་རང་མིན་ནོ། །ཕྱི་ལྟར་རིགས་བརྒྱའི་ཁྱབ་བདག་འོག་མིན་དུ་གཤེགས་པས། །སྒོ་གསུམ་རྗེ་ལ་འབུལ་བའི་ཞབས་ཏོག་ཞིག་མེད་ཀྱང་། །ནང་ལྟར་བླ་མ་འབྲལ་མེད་སྙིང་དབུས་སུ་འཁྱོངས་འདིས། །ཞབས་འབྲིང་ཉེ་གནས་ཕལ་གྱི་དོ་ཟླ་རང་མིན་ནོ། །རང་ལུས་གྲོང་ལྟག་དགོན་པའི་ཆོས་སྡེ་རུ་མེད་ཀྱང་། །རང་སེམས་ཚོགས་དྲུག་ཡུལ་ལ་ཞེན་པ་ལས་བསློགས་ཏེ། །གར་འདུག་བསྙེན་ཅིང་སྒྲུབ་པའི་བས་མཐའ་རུ་ཁྱེར་འདིས། །གྲྭ་འཛིན་དགོན་འཛིན་ཕལ་གྱི་དོ་ཟླ་རང་མིན་ནོ། །རིག་སྟོང་ཆོས་སྐུའི་བླ་མ་སྙིང་དབུས་ནས་མཇལ་ཚེ། །གདོད་མའི་མགོན་པོ་ས་ཕྱོགས་ཐག་རིང་ན་མིན་འདུག །ཐིག་ལེ་ཉག་ཅིག་གང་གི་ཆོས་དབྱིངས་ཀྱི་ཡེ་ཤེས། །ཕྱོགས་བྲལ་ལྟ་བ་ཕལ་གྱི་དོ་ཟླ་རང་མིན་ནོ། །བདེ་སྟོང་ལོངས་སྐུའི་ཡི་དམ་ལྷན་སྐྱེས་ཀྱི་གྲིབ་མར། །དམིགས་བཅས་དཀྱིལ་འཁོར་སྒྲུབ་པའི་རྩོལ་བ་ནི་མི་དགོས། །མི་ཤིགས་རྟག་འགྲོས་མེ་ལོང་ཡེ་ཤེས་ཀྱི་རང་བབས། །དམིགས་མེད་སྒོམ་པ་ཕལ་གྱི་དོ་ཟླ་རང་མིན་ནོ། །སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་རང་བྱུང་གི་དགའ་མར། །གདོས་བཅས་སྙོམས་པར་འཇུག་པའི་བརྟུལ་ཞུགས་ཀྱིས་ཅི་བྱེད། །ཨ་བ་དྷཱུ་ཏཱི་བྱ་གྲུབ་ཡེ་ཤེས་ཀྱི་རྩལ་འདིས། །འཆོས་མེད་སྤྱོད་པ་ཕལ་གྱི་དོ་ཟླ་རང་མིན་ནོ། །ཕྱི་རོལ་སྣང་བའི་ཡུལ་ཀུན་ལྷ་ཚོགས་སུ་དག་ཅིང་། །ནང་དུ་སྒྲོག་པའི་སྒྲ་ཀུན་གཟུངས་སྔགས་སུ་གྲགས་པས། །གསང་བར་དྲན་རྟོག་ཆོས་སྐུའི་འོད་གསལ་དུ་སྨིན་པ། །མཉམ་བཞག་རྗེས་ཐོབ་ཕལ་གྱི་དོ་ཟླ་རང་མིན་ནོ། །རྣམ་ཀུན་མཆོག་ལྡན་དྭངས་མའི་མཇའ་མཚོན་གྱི་པདྨོར། །སྐུ་དང་ཡེ་ཤེས་ཉིན་བྱེད་འགོག་མེད་དུ་འཆར་བས། །འཕྲིན་ལས་རྣམ་བཞིའི་དྲི་བསུང་ཕྱོགས་མཐའ་རུ་བརྡལ་བ། །རྫོགས་ཆེན་འབྲས་བུ་ཕལ་གྱི་དོ་ཟླ་རང་མིན་ནོ། །དབུ་མའི་གཏན་ཚིག་རྟོག་གེའི་ངང་ཚུལ་དེ་སྤོང་དུས། །སྡེབ་སྦྱོར་སྙན་ངག་མངོན་བརྗོད་རིག་བྱེད་ཀྱིས་ཅི་བྱེད། །གང་ཤར་རྩོལ་མེད་ལམ་འཁྱོངས་པད་འབྱུང་གི་བུ་རྒྱུད། །གོ་ཡུལ་ངར་གླུ་ལེན་པའི་དོ་ཟླ་རང་མིན་ནོ། ། ། །ཞེས་པའང་རང་ཉིད་སླར་ཆོས་སྒོར་ཞུགས་ཏེ་ ཆོས་སྤྱོད་བྱ་བར་འཇུག་པའི་ཚེ་ མཐོང་ཆུང་གི་གྲོགས་རྙིང་འགས་ངན་སྨོད་དང་གད་འགོད་བྱས་པའི་ལན་དུ། རང་གི་སེམས་ཀྱི་ཁྱེར་སོ་རྣམས་རང་བབས་མགུར་གླུའི་ཚུལ་དུ། རིག་འཛིན་རྒྱུ་སྐར་དབང་པོས་ཨ་རི་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས་བཀོད་པའོ། ། ། །
དྲན་ཐོ༑ སྣ་ཚོགས་རང་གྲོལ། མཁྱེན་བརྩེ་འོད་ཟེར། འཁྲུལ་འཁོར་དགྲ་ཚུལ། རིག་སྟོང་གསལ་སྟོང་སྣང་སྟོང་། བླ་མ་ཡིད་དམ་མཁའ་འགྲོ། རྩ་དང་རླུང་དང་ཐིག་ལེ། ཆོས་དབྱིངས་མེ་ལོང་སོར་རྟོགས་ཡེ་ཤེས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ། ཕྱོགས་ལྷུང་མེད་པའི་ལྟ་བ། དམིགས་པ་མེད་པའི་སྒོམ་པ། ཚུལ་འཆོས་མེད་པའི་སྤྱོད་པ།