༄༅། །ན་མོ་གུ་རུ་སྭ་དྷི་ཋ་གུ་ཎ་ཡེ༑ ཐོས་བསམ་སྒོམ་པའི་མཚར་སྡུག་འདབ་བརྒྱའི་དཔྱིད། །མཁས་བརྩུན་བཟང་པོའི་སྙན་འཇེབས་ཟིལ་མངར་ཅན། །མཁྱེན་བརྩེ་ནུས་པའི་དྲི་བསུང་འགྱེད་པའི་དབང་། །རྭ་ཧོར་ཆོས་གྲགས་མཚོ་སྐྱེས་དབུས་ན་རྨད། །གང་གིས་ལེགས་གསོས་བུང་བ་སྤྲིན་གྱི་ཚོགས། །གང་ཁྲོད་ཉམས་རྩལ་བརྟས་པའི་ཐུགས་སྲས་ཀྱིས། །ཕྱོགས་ཀྱི་བུ་མོར་རྩེད་དགས་རོལ་བའི་ཟླ། །བྱ་བཏང་རྣམ་དཀར་དོན་ཀུན་གྲུབ་པར་བཏུད། །སྣང་བ་དུ་མ་འཁྲུལ་པའི་འཇིག་རྟེན་ན། །སྤྱོད་པ་སྣ་ཚོཊ་འཆལ་བའི་སྐྱོན་གོས་ཀྱང་། །མཐར་ཐུག་རིག་པ་འཛིན་པའི་གདུང་འཚོབ་པ། །ང་ཡི་སྐྱིད་སྡུག་རིཊ་བདག་ཁྱེད་རང་མཁྱེན། །དེང་དུས་འཛམ་གླིང་སྐྱེ་བོ་ཕལ་ཆེར་ཀུན། །དང་པོར་ཤེས་རབ་དང་ནི་བརྩོན་འགྲུས་ཆུང་། །གཉིས་པར་རྣམ་གཡེང་དང་ནི་འདུ་འཛི་ཆེ། །གསུམ་པར་ཆོས་ལ་ལོག་པར་ལྟ་དུས་འདིར། །མིང་ཆེན་ཁྲི་མཐོ་ཅན་ལ་ཞུམ་ཞུམ་དུད། །མཁན་སྤྲུལ་འབྱོར་པ་ལྡན་ལ་འཛུམ་འཛུམ་བསུ། །ཉམས་ཆུང་ཆོས་པ་དངོས་ལ་ཆེས་ཆེར་སྡང་། །ཀུན་ཀྱང་ལམ་གོལ་མགོ་རྨོངས་ཟིང་ཟིང་ཐལ། །འོན་ཀྱང་སྙིང་སྡུག་ཚེ་དབྱངས་ཁྱེད་ཀྱིས་ནི། །དེ་ལྟ་མིན་ཅེས་ཡང་ཡང་བསྐུལ་བའི་ངོར། །ཉམས་དང་རྟོགས་པའི་ཡོན་ཏན་མ་མཆིས་ཀྱང་། །རང་གི་གོ་ཡུལ་སྙིང་གཏམ་འདི་སྐད་ཞུ། ། ༈ ཀྱེ་མ་ཀྱེ་ཧུད་རང་ཅག་སྡིག་ཏོ་ཅན། །ཐོག་མེད་དུས་ནས་འཁོར་བར་ཡུན་རིང་འཁྱམས། །ད་དུང་ནམ་ཡང་ཐར་བའི་དུས་མི་མངོན། །ངེས་འབྱུང་སྐྱོ་ཤེས་སྐྱེད་དང་སྙིང་གཏམ་ཡིན། །དལ་འབྱོར་ལུས་རྟེན་གསེར་བས་རྙེད་དཀའ་བ། །ད་རེས་རང་གི་ལག་སོན་བྱུང་དུས་འདིར། །ཕྱི་མའི་དོན་ཆེན་སྒྲུབ་ལ་འབད་པ་ཡིས། །གཏན་འདུན་སྙིང་པོར་ལོན་དང་སྙིང་གཏམ་ཡིན། །རླུང་གསེབ་མར་མེ་ལྟ་བུའི་མི་ཚེ་འདི། །སྐད་ཅིག་གཅིག་གིས་མི་འཇིག་ངེས་པ་མེད། །ཡུན་དུ་གསོན་པའི་ཤོམ་ར་མ་ཆེ་བར། །འཆི་བ་མི་རྟག་དྲན་དང་སྙིང་གཏམ་ཡིན། །རང་གི་ལས་དང་རྣམ་པར་སྨིན་པ་ནི། །ལུས་ཀྱི་གྲིབ་བཞིན་རྗེས་སུ་འབྲང་བ་ལས། །ཐུབ་པས་ས་དང་ཆུ་ལ་མི་སྨིན་གསུངས། །རྒྱུ་འབྲས་ཡིད་ཆེས་མཛོད་དང་སྙིང་གཏམ་ཡིན། །སྲིད་གསུམ་གང་ནས་གང་དུ་སྐྱེས་གྱུར་ཀྱང་། །བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་དགོས་ཤིང་། །ད་དུང་མུན་ནས་མུན་དུ་འགྲོ་ངེས་པས། །འཁོར་བའི་ཉེས་དམིགས་སོམས་དང་སྙིང་གཏམ་ཡིན། །ཇི་ལྟར་རིགས་དྲུག་འཁོར་བའི་གནས་ཀུན་ན། །ཇི་སྙེད་འགྲོ་རྣམས་སྡུག་བསྔལ་མྱོང་བའི་ཚུལ། །དེ་དག་ཀུན་བཟང་བླ་མའི་ཞལ་ལུང་དུ། །མཇལ་ནས་ཡིད་ལ་ཆོངས་དང་སྙིང་གཏམ་ཡིན། །ཆོས་དང་མན་ངག་ཀུན་གྱི་དམངས་རྡོ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། །དེ་ཡང་ཐུན་མོང་ཐུན་མིན་བཤད་ཚུལ་ལྟར། །ཚུལ་བཞིན་སྐྱབས་སུ་འཇུག་དང་སྙིང་གཏམ་ཡིན། །ཐེག་ཆེན་རྡོ་རྗེའི་ལམ་གྱི་སྙིང་པོ་ནི། །བྱང་ཆུབ་མཆོག་ཏུ་སེམས་ཉིད་བསྐྱེད་པ་ཡིན། །བློ་སྦྱོང་སྨོན་འཇུག་གོ་རིམ་མ་འཁྱུག་པར། །ཚུལ་བཞིན་སེམས་མཆོག་སྐྱེད་དང་སྙིང་གཏམ་ཡིན། །རིང་ནས་བདེ་གཤེགས་སྙིང་པོ་རྒྱུད་ལྡན་ཀྱང་། །ད་ཐུག་ཉོན་ཤེས་གཉིས་ཀྱིས་སྒྲིབ་པ་ཡིས། །གཞི་དབྱིངས་སྤྲོས་བྲལ་རྟོགས་པར་དཀའ་བས་ན། །སྒྲིབ་སྦྱོང་ཕྱག་སྐོར་བྱོས་དང་སྙིང་གཏམ་ཡིན། །ལམ་ལྔ་ས་བཅུ་རིམ་པར་མ་བགྲོད་པར། །སྲིད་པའི་མཚོ་ལས་བརྒལ་བ་མི་ནུས་པས། །ཕར་ཕྱིན་དྲུག་པོས་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གསོག་གྲུ་སྐྱ་སྒུལ་དང་སྙིང་གཏམ་ཡིན། །དད་པ་ཏིལ་འབྲུ་ལས་ཀྱང་ཕྲ་བ་དེ། །བླ་མ་མང་པོར་བགོས་ན་མི་ལེགས་པས། །རྨོངས་དད་ག་ས་ག་ལར་མི་བྱེད་པར། །རང་ཚུགས་བླ་མར་བསྟེན་དང་སྙིང་གཏམ་ཡིན། །ཕལ་པའི་གཟུགས་ཀྱིས་འཚོ་བ་སྐྱོང་དུས་འདིར། །དབུ་མ་སྟོང་ཉིད་རྩོད་པའི་ཧམ་བཤད་དང་། །ལྷ་མཐོང་འདྲེ་ཐུལ་རྫུན་གྱིས་མི་བསླུ་བར། །རང་ཚོད་རང་གིས་ཟུངས་དང་སྙིང་གཏམ་ཡིན། །ཆོས་དང་འཇིག་རྟེན་ཟོག་པོས་སྦག་དུས་འདིར། །ལྟ་སྤྱོད་ལོག་པའི་ཟེར་ལུགས་མང་མོད་ཀྱང་། །ཕལ་པའི་རོ་ལས་རིང་སེལ་བསྐྲུན་ནུས་པའི། །མན་ངག་ཉིང་ཁུ་བཅང་དང་སྙིང་གཏམ་ཡིན། །ཆོས་ཀྱི་གཞི་རྩ་སྐྱབས་འགྲོ་སེམས་བསྐྱེད་དང་། །ཚོགས་གསོག་སྒྲིབ་སྦྱང་སྙིང་པོར་ལོན་པ་ལ། །དྲིལ་བུ་ཌཱ་རུ་ཀྲོལ་བའི་དོན་མེད་པས། །བརྡ་ཆོས་གདོལ་ཆོས་སྤོངས་དང་སྙིང་གཏམ་ཡིན། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །བློ་སྙིང་བྲང་གསུམ་གཏོད་པའི་མོས་གུས་ཀྱིས། །སྣང་བ་བླ་མར་འཆར་བའི་རྣལ་འབྱོར་ངང་། །ཐུགས་ཡིད་དབྱེར་མེད་འདྲེས་དང་སྙིང་གཏམ་ཡིན། །རིག་འཛིན་ཀུན་འདུས་པདྨ་འབྱུང་གནས་ལ། །སྐྱབས་དང་དཔུང་གཉེན་བཅོལ་བའི་ཞེ་རུས་ཀྱིས། །གྲགས་ཚད་ན་དར་སྒོམ་པའི་ཏིང་འཛིན་ངང་། །བཛྲ་གུ་རུ་སྒྲོངས་དང་སྙིང་གཏམ་ཡིན། །སྙིང་རྗེའི་རང་གཟུགས་སྡུག་བསྔལ་རང་སྒྲོལ་ལ། །མགོན་མེད་རེ་ལྟོས་བཅའ་བའི་འོ་དོད་ཀྱིས། །དྲན་ཚད་བྱང་ཆུབ་སེམས་ཀྱི་དགོངས་ཀློང་དུ། །ཡི་གེ་དྲུག་མ་དྲོངས་དང་སྙིང་གཏམ་ཡིན། །རང་རང་འདུག་པའི་མལ་ས་ག་ལ་བར། །མཆོད་ཡུལ་སྐུ་རྟེན་སྒྲུབ་པ་ལེགས་མོད་ཀྱང་། །སྲི་ཞུ་ཡོན་ཏན་སྙིང་རྗེར་མ་འདུས་པའི། །ཡོ་ལང་ཆུད་ཟད་ཤེས་དང་སྙིང་གཏམ་ཡིན། །གཞན་ཡང་སྔོན་བྱོན་དམ་པ་སྐར་ཚོགས་དང་། །ཉིན་བྱེད་དཔལ་སྤྲུལ་བསིལ་བྱེད་དགེ་རིན་སོགས། །གོང་མའི་གསུང་རབས་ཟབ་མོར་ནན་མཇལ་གྱིས། །བྱ་མིག་གྱེན་བལྟས་མཛོད་དང་སྙིང་གཏམ་ཡིན། །དེ་ལས་ལྡོག་པའི་མཁན་ལོག་སྤྲུལ་ལོག་བཞིན། །གཞན་ཕྱོགས་བསྐུར་ཞིང་རང་ཕྱོགས་བསུན་འབྱིན་ཏེ། །དེང་རབས་ཆེར་གདོན་སྔ་རབས་ལ་དམོད་པའི། །ཁྱི་མིག་ཐུར་བལྟས་སྤོངས་དང་སྙིང་གཏམ་ཡིན། །ཇི་ཙམ་མ་ཤི་གསོན་པའི་ཡུན་འདི་ལ། །དེ་ཙམ་བྱང་ཆུབ་སྙིང་པོ་སྒྲུབ་འདོད་ཀྱིས། །ཅི་བྱེད་གཞན་དང་ཕྱི་མའི་དོན་ལ་འབད། །ཞེ་རུས་སྙིང་པོར་སྒྲིལ་དང་སྙིང་གཏམ་ཡིན། །ནམ་ཞིག་འཇིག་རྟེན་འདི་ནས་འཕོས་པའི་ཚེ། །ད་ཐུག་གསོན་གོ་ཆོད་པའི་སྤྲོ་ཉམས་ཀྱིས། །སྒྱུ་མའི་ལུས་ཀྱི་སྣང་བ་འགག་མ་ཐག །གྲུ་རྫིངས་ཞིང་དུ་སོང་དང་སྙིང་གཏམ་ཡིན། །ཞིང་དེར་ཐུགས་རྗེ་ཆེན་པོའི་སྤྱན་སྔ་ནས། །བྱང་ཆུབ་ལུང་བསྟན་དབུ་དབྱུང་ལེགས་འཐོབ་སྟེ། །ཉེ་བའི་སྲས་ཆེན་བརྒྱད་དང་དབྱེར་མེད་པར། །འགྲོ་དོན་རླབས་ཆེན་མཛོད་དང་སྙིང་གཏམ་ཡིན། །འདི་ན་ཁྱེད་ལ་སྨན་པའི་བསླབ་ཕྲེང་དུ། །ཞུ་འོས་མཁོ་ངེས་དུ་མ་ཡོད་སྲིད་ཀྱང་། །ཟབ་དོན་སྙན་ཚིག་སྡེབ་པའི་མཐུ་དམན་པས། །འདི་ཙམ་ཐུགས་ལ་ཆོངས་དང་སྙིང་གཏམ་ཡིན། །དེ་ལྟར་ཁྱེད་ངོར་བྲིས་པའི་ཚིག་ཕྲེང་འདིར། །སྙན་པའི་རྒྱན་དང་ཟབ་པའི་དོན་མེད་ཀྱང་། །ཆོས་དང་མན་ངག་རྟེན་འབྲེལ་བསླུ་མེད་མཐུས། །གྲུ་རྫིངས་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག ། ། །ཞེས་པའང་མཛངས་མ་ཚེ་དབྱངས་ཀྱི་ངོར་རིག་འཛིན་རྒྱུ་སྐར་དབང་པོས། ཨར་འདམ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས་ཕུལ་བ་ཛཡནྟུ། ། ། །
Updated: 12/25/2023