༈ མཁན་པོ་བསོད་ནམས་དོན་གྲུབ་ཀྱི་མཛད་རྣམ་ཉུང་བསྡུས། རྩོམ་སྒྲིག་པ། དངོས་སློབ་རིག་འཛིན་སྐར་མ།


༄༅། ། ན་མོ་གུ་རུ༑ མ་དག་ཕུང་ཁམས་འཁྲུལ་པའི་རྫིང་བུ་རུ། །གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར་བསྒྱུར་ཀྱང་། །རྣམ་དག་སྐྱེས་མེད་དབྱིངས་ལས་མ་གཡོས་པ། །སྐུ་གསུམ་ཀུན་འདུས་བླ་མའི་ཞབས་ལ་འདུད། །དེ་ལ་འདིར་མོས་གུས་ཀྱི་མེ་ཏོག་གདུང་སེམས་ཀྱི་མཁའ་ལ་གཏོར་ཏེ་གང་ཞིག་གླེང་བ་བྱ་བ་ནི། དཔལ་ལྡན་བླ་མའི་མཛད་རྣམ་མདོར་ཙམ་སྟེ། དེ་ཡང་། བྱ་བྲལ་རྣམ་དཀར་དོན་ཀུན་གྲུབ་པའི་སྡེའམ། མཚན་ཡོངས་གྲགས་སུ་མཁན་པོ་བསོད་ནམས་དོན་གྲུབ་ཏུ་གྲགས་པ་དེ་ནི། འབྲུག་དབུས་ཕྱོགས་བུམ་ཐང་སྟངས་ཀྱི་ལུང་ཚན་འཕོ་གྲོང་ཞེས་བྱ་བར། ཡབ་འཕྲིན་ལས་རྡོ་རྗེ་དང་ཡུམ་བསོད་ནམས་བུ་དར་གཉིས་ཀྱི་སྲས་སུ། གནམ་ལོ་ལྕགས་མོ་བྱ་ལོ་ ཕྱི་ལོ་༡༩༢༡ ལོར་སྐུ་འཁྲུངས། དགུང་གྲངས་༢༤ སོན་དུས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྦ་རླབས་རྒྱུན་ཆད་མེད་པ། མི་ཚེ་རླུང་གསེབ་ཀྱི་མར་མེ་ལྟ་བུ་ལ། འཇིག་རྟེན་གྱི་འདུ་འཛིར་ཟིན་མཐའ་མེད་པ། ཆོས་མཐུན་གྱི་སྐལ་བ་འཛོམས་པ་ལ། ཆོས་མེད་ཀྱི་འཚོ་བ་ཞིང་ལས་ལ་བསྐྱོལ་བ་དེ་སྙིང་པོ་ཡེ་མི་འདུག་དགོངས་ཏེ། ཡུམ་ལ་ཆོས་བྱེད་དུ་འགྲོ་འདོད་བཤད་པས་ཡུམ་གྱིས་ཀྱང་། གསང་བྲོས་སུ་འགྲོ་ན་མ་གཏོགས་ནང་ཚན་གྱིས་འགྲོར་མི་བཅུག་པས་ཟབ་ཟབ་བྱོས་གསུངས། རྩམ་པ་གྱི་ཁུང་གང་དང་པེ་ཤ་བོད་ཀྲམ་ཁ་ཤས་ཀྱང་གྲབ་བགྱིས་ནས་གནང་བ་གྲོང་འདབ་ཏུ་སྦས།


ཉིན་ཅིག་གི་ཚེ་ཞིང་ཁར་ཁྲུ་སློག་འཕྲོར་བྲོས་ནས་བྱང་ཕྱོགས་མོན་ལ་དཀར་ཅུང་ཕྱོགས་སུ་བསྐྱོད། ཉིན་ལམ་ཅིག་གི་སར་སླེབས་པ་ན་ལྷ་སར་འགྲོ་བའི་ཚོང་པ་འགའ་དང་ཐུག མཉམ་འདོང་བྱས་དཀའ་བ་ཚད་མེད་བཅད་དེ་སོང་བའི་ཟླ་ལམ་ཅིག་གི་རྗེས་སུ་ལྷ་སར་ཕེབས། ཟླ་ཤས་ལྷ་ས་ཁྲོམ་སྐོར་དང་གནས་མཇལ་འབྲེལ་བཞུགས་དུས་ཚེ་རབས་ལས་ཀྱི་འདུ་འཕྲོས་བསྐུལ་ཏེ། ཉིད་ཀྱི་ཁྱབ་བདག་རྭ་ཧོར་ཐུབ་བསྟན་ཆོས་ཀྱི་གྲགས་པ་ལྷ་སར་ཕེབས་པ་དང་མཇལ། རྗེས་སུ་བཟུང་བར་གསོལ་བ་བཏབ་པས་གནང་སྟེ་ཕྱག་ཕྱིར་འབྲང། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་ཕེབས། དེར་དཔལ་ལྡན་རྭ་ཧོར་ཆོས་གྲགས་ཟླ་ཤས་བཞུགས་ཏེ། ཨོ་རྒྱན་པདྨའི་གདུང་འཚོབ་བླ་སྤྲུལ་རྣམས་དང་། དབང་ལུང་གི་ཆོས་འབྲེལ་མཛད་ཀྱིན་འདུག་པའི་ཞབས་ཕྱིད་ཞུས་ནས་བཞུགས། དེ་དུས་ཡི་གེ་འབྲི་ཀློག་ནས་འགོ་བཟུང་ཐོས་བསམ་གྱི་མཛད་འགོ་ཚུགས། ཉིན་མོ་གཙུག་ལག་ཁང་ལ་བསྐོ་ར་བརྒྱ་དང་ཕྱག་བརྒྱ་ཆད་མེད་བྱས། ཞོར་དུ་བླ་མ་ལ་གསོལ་ཚིགས་འདྲེན་པ་དང་ བུད་ཤིང་གི་དོན་དུ་ལྕི་བ་བསྒྲུག་པ་སོགས་ངལ་མེད་ཀྱི་ཞབས་ཏོག་སྒྲུབ། མཚན་གོང་རྟག་པར་གདུག་སྤོས་ཀྱི་ཚིགས་རོ་སྡུད་པ་ལ་མེ་སྤར་ཏེ་ཀ་མས་ནས་གཟུང་འབྲི་ཀློག་ལ་བརྩོན་པར་མཛད། ཟླ་ཤས་རྗེས་སུ་རྩ་བའི་བླ་མ་དང་ལྷན་དུ་བྱང་ཐང་འདོམ་གྱིས་གཞལ་ཏེ་བླ་མའི་གདན་ས་བྲིན་སྡིང་དུ་བྱོན། ཐུགས་ཡིད་ཤིན་ཏུ་འདྲེས་པས་བླ་མ་ལའང་ལུས་ངག་ཡིད་གསུམ་གྱི་ཞབས་ཏོག་ཅི་འབྱོར་ཞུས་ཤིང་བླ་མས་ཀྱང་ཤིན་ཏུ་མཉེས་པོ་རང་མཛད་དོ།


མཁན་རང་གིས་བཞེད་པ་ལྟར་ན། རྗེ་རྭ་ཧོར་ཆོས་ཀྱི་གྲགས་པས་ཉར་ཚགས་སོགས་ཅི་ཡང་མི་མཛད་པས། གསོལ་ཚོགས་མཐུན་རྐྱེན་རྣམས་ཀྱང་མཁན་རང་གྱིས་རློང་ནས་དྲང། སྐབས་འགར་མཐུན་རྐྱེན་ཤིན་ཏུ་དབེན་པའི་དུས་སུ། དད་ལྡན་ཉ་མ་རེ་གཉིས་ཀྱིས་ཡོན་རེ་འབུལ་དུ་བྱུང་ནའང་རྭ་ཧོར་མཆོག་གིས་མ་བཞེས་དུས། མཁན་དད་པའི་སྤུ་ལོང་གཡོས་ཤིང་མིག་མཆི་མ་འཁྲུགས་ཞེས་ཀྱང་སྐད་དོ། དེ་ལྟར་མི་ལོ་༡༦ གི་རིང་། བླ་མའི་མཛད་སྤྱོད་ལ་ལོག་ལྟ་སྤུ་ཙམ་མ་སྐྱེས་པར། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། ཞབས་ཏོག་ཅི་ནུས་ཞུས་ཤིང་། ཕྱག་རྫོགས་དབུ་མའི་གཞུང་ལུགས་མཐའ་དག་གསན་བསམ་མཛད། ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་དབང་ལུང་ཁྲིད་གསུམ་དང། ཡེ་ཤེས་བླ་མའི་སྙན་བརྒྱུད་མྱོང་ཁྲིད། ཆོས་དབྱིངས་མཛོད་ཀྱི་སྒོམ་ཁྲིད་མན་ངག། བླ་མ་ཡང་ཏིག་གི་གྲོལ་ཁྲིད་ཆིག་བརྒྱུད། མན་ངག་སྡེའི་དཀའ་གནད་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཞོར་དུ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་སྡུག་བསྔལ་རང་གྲོལ་རྣམས་དབང་ལུང་མན་ངག་ཙམ་དུ་མ་་བཞག་པར་ཉམས་ལེན་གྱིས་སྒྲོ་འདོགས་ནང་ནས་ཆོད་པར་གནང་། རིམ་གཉིས་གྱི་གདེང་བཀྲོལ་ཅིང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་རོ་གཅིག་ཏུ་གྲུབ་པར་མཛད་དོ།


ཕྱི་ལོ་༡༩༦༡ ལོར་སྐྱེས་འགྲོའི་བསོད་ནམས་ཁ་བྲི་བ་དང་ གདུལ་བྱ་ཆོས་ལ་བསྐུལ་བའི་ཕྱིར། ཁྱབ་བདག་རྭ་ཧོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་སྟོན་དུས་བཟོད་གླགས་མེད་པའི་ཐུགས་ངལ་གཞེས། མི་ལོ་དགུའི་བར་དུ་བླ་མའི་སྐུ་མཆོད་དང་འབྲེལ་རིས་མེད་ཀྱི་བླ་མ་སོགས་ལས་དབང་ལུང་ཁྲིད་གསུམ་ཞུས། ཉམས་ལེན་གནད་དུ་བསྣུན་ཏེ་བོད་འཆོལ་འཁོར་གསུམ་གྱི་གནས་ཆེན་ཐམས་ཅད་ཞབས་ཀྱིས་བཅགས། ཕྱི་ལོ་༡༩༧༠ ལོར་རྫོགས་ཆེན་པོ་ལོ་མཁན་མཆོག་གདན་འདྲེན་ཞུས་ཏེ་འབྲུག་ལ་ཕེབས། ལྷ་ལྕམ་རྒྱལ་མོ་ཕུན་ཚོགས་ཆོས་སྒྲོན་དབང་མོ་དབང་ཕྱུག་མཆོག་གིས། བུམ་ཐང་ཐར་པ་གླིང་གི་བཤད་གྲྭའི་མཁན་པོར་བསྐོ་བཞག་གི་བཀའ་ཐམ་གནང་བར་བླ་མའི་ཞབས་ཏོག་ཏུ་དགོངས་ཏེ། མི་ལོ་བཅུ་གཉིས་ཙམ་ཕྱག་ཕྱིད་ཞུས། གཞུང་ཆེན་བཅུ་གསུམ་ཡོངས་རྫོགས་ཀྱི་བསླབ་སྟོན་ཐེངས་གཉིས་གནང་། དེ་དུས་ལྷ་ཅིག་ཞབས་ནས་གནང་བའི་ཟླ་རིམ་གྱི་དངུལ་ཕོགས་རྒྱ་སྒོར་༣༠༠ ཙམ་མཆིས་པ་དེ། རྗེ་རང་ཉིད་མ་སྤྱོད་པར། བསྟན་འགྲོའི་ཞབས་ཏོག་ཏུ་དམིགས་ཏེ། བཤད་གྲྭའི་འགྲམ་དུ། སྒྲུབ་པའི་སྡེ་གསར་བཙུགས་ཏེ། སྒྲུབ་ལ་གཞོལ་མཁན་རྣམས་ཀྱི་མཐུན་རྐྱེན་དུ་སྦྱར། སྒྲུབ་དཔོན་ཡང་མཁན་རང་གིས་མཛད་དེ། བཤད་སྒྲུབ་ཀྱི་བསྟན་པ་གང་ལས་ཉི་མ་ཤར་བ་ལྟར་སྤེལ་བར་མཛད།


དེའི་རྗེས་སུ་མཁན་པོའི་ཁྲི་ནས་དགོངས་ཞུས་མཛད་དེ། བྱ་བྲལ་གྱི་བརྟུལ་ཞུགས་བསྐྱངས། གནས་ངེས་མེད་དུ། སྒྲུབ་པ་ཉམས་ལེན་དང་ཆོས་བསྐོར་ཟུང་འབྲེལ་མཛད་དེ། རྡོ་རང་ཐག་རྣམ་རྒྱལ་ཆོས་གླིང་། འབྲུག་ཐིམ་ཕུ་བདེ་ཆེན་ཆོས་གླིང་། ལྷུང་མཚོ་དགོན་པ་ལ་སོགས་པ་རྣམས་སུ་བཞུགས་ཏེ། སྐལ་ལྡན་གྱི་སློབ་མ་མང་པོ་བསྐྱངས་ཤིང་། བླ་ཆེན་འཇིགས་མེད་རྒྱལ་བའི་མྱུ་གུ་བཞིན། སྤྱོད་འཇུག་ཐེངས་བརྒྱ་ཕྲག་ལས་འདས་པ་སློབ་ཁྲིད་མཛད་པ་དང་། ཡོན་བདག་རྣམས་ཀྱིས་འབུལ་བ་གང་ཕུལ་ཡང་གཞེས་པར་མི་གནང་ཞིང་། གསོལ་ཚིགས་ངན་ངོན་ཙམ་གྱིས་ཆོག་པ། ན་བཟའ་ཀྱང་ཆ་ཚང་གཉིས་མ་གཏོགས་གང་ཡང་མེད་པར་བཞུགས་ཏེ། འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་གོས་པའི་ཆོས་པ་ཡང་དག་པའི་ཡང་མཆོག་ཞིག་མཛད། དེང་དུས་ཆོས་པ་དེ་འདྲ་ནི་ཤིན་ཏུ་དཀོན་པ་དང་། གལ་སྲིད་རེ་གཉིས་ཡོད་པ་རྣམས་ཀྱང་ཞིང་ཁམས་གཞན་དུ་གཤེགས་ཟིན་པའམ། ཤིན་ཏུ་སྦས་པའི་རྣལ་འབྱོར་དུ་གྱུར་པས་ན། དང་པོ་ཀུན་གྱིས་མཇལ་དཀའ་ཞིང་། གཉིས་པ་མཇལ་ཀྱང་ངོས་མི་ཟིན་པ་ནི་ཡིད་སྐྱོ་བའི་རང་བཞིན་ནོ།


དེ་བཞིན་མཁན་བསོད་ནམས་དོན་གྲུབ་མཆོག་གིས་། དགུང་གྲངས་གྱ་དགུའི་བར་དུ། འོ་བརྒྱལ་ཉམས་ཐག་ལ་མི་གཟིགས་པར། ཡར་བླ་མའི་ཞབས་ཏོག མར་སེམས་ཅན་ཀྱི་འགྲོ་དོན། བར་རིས་མེད་སྐལ་ལྡན་གྱི་གདུལ་བྱར། ཀློང་ཆེན་སྙིང་ཐིག་གི་དབང་དང་གདམས་ངག ཀློང་ཆེན་མཛོད་བདུན་གྱི་ལུང་། ཀུན་བཟང་བླ་མའི་ཞལ་ལུང་དང་སྤྱོད་འཇུག་གི་བཀའ་ཁྲིད། འཕོ་ཆེན་འཇའ་ལུས་རྡོ་རྗེའི་མན་ངག་རྣམས་ཐུགས་བརྩེ་རྒྱ་ཆེན་པོས་བསྩལ་བར་མཛད་དེ༑ ཁྱེད་ཚོས་བཀའ་དྲིན་བསམ་ན། ངའི་རྗེ་བླ་མ་རྭ་ཧོར་ཆོས་གྲགས་ཁོང་ལ་སོམས་ཤིག་ཅེས་ཡང་ཡང་གསུངས་པར་མཛད་དོ། རྗེ་བླ་མའི་མཚན་ལན་རེ་འདོན་ཚེ་ཕྱག་སྙིང་ཁར་ཐལ་མོ་ཐེངས་རེ་སྦྱར་བ་མཛད། དམ་པ་དེ་ཉིད་དགུང་གྲངས་གྱ་དགུར་སོན་དུས་སྐུ་སྙུང་བའི་ཚུལ་བསྟན། དད་ལྡན་སློབ་མ་དང་ཡོན་བདག་རྣམས་ཀྱིས་བརྟན་བཞུགས་དང་སྨན་དཔྱད་ཅི་ནུས་འབུལ་ཡང་། ད་ནི་ང་འགྲོ་བགྱི་ཡིན་ཞེས་ཡང་ཡང་གསུངས་བཞིན། གནམ་ལོ་ལྕགས་ཕོ་སྟག་ལོ་རང་ཟླ་༨ པའི་ཚེས་༦ ཕྱི་ལོ་༢༠༡༠ ཕྱི་ཟླ་༡༠ པའི་ཚེས་༡༣ གྱི་ཐོ་རངས་སྐྱ་རེངས་དང་པོ་ཤར་བ་དང་བསྟུན། འབྲུག་བདེ་ཆེན་ཆོས་གླིང་དགོན་པར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད།


དེ་ཉིན་ནམ་ལངས་པ་དང་། ཤར་ཕྱོགས་སུ་སྤྲིན་དཀར་གྱི་དར་ལམ་བརྐྱང་བ། ལྷོ་ཕྱོགས་སུ་མེ་ཏོག་གི་སྦྲང་ཆར་བབ་པ། ནུབ་ཕྱོགས་སུ་འཇའ་མཚོན་སྣ་ལྔའི་གུར་ཕུབ་པ། བྱང་ཕྱོགས་སུ་གཡུ་འབྲུག་སྔོན་མོའི་འབྲུག་སྒྲ་ལྡིར་བ། དབུས་ཕྱོགས་སུ་སྐུ་གདུང་གྱི་སྟེང་དུ་སྤྲིན་གསེབ་ནས་ཉི་ཟེར་ཐད་ཀར་ཕོག་པ་ལ་སོགས་པའི་གྲོལ་རྟགས་ཡ་མཚན་པ་དད་ཅན་དང་དད་མེད་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སྟོན། སློབ་མ་དང་ཡོན་བདག་རྣམས་ཀྱིས་སྐུ་གདུང་བུམ་ཐང་ཐར་པ་གླིང་དུ་གདན་དྲང་སྟེ་མེ་མཆོད་ཕུལ་དུས། མངོན་དགའི་ཞིང་དུ་ཚངས་རྒྱ་བའི་རྟགས་སུ་རིང་སེལ་སྣ་ལྔ་སོགས་དད་ལྡན་བསོད་ནམས་གསོག་པའི་ཞིང་དུ་བཞག་པར་མཛད་དོ། ། ཅེས་པའང་མཁན་པོའི་དངོས་སློབ་ཀྱི་གྲལ་མཐར་འཁོད་པའི་རིག་འཛིན་རྒྱུ་སྐར་དབང་པོས། རང་མོས་རྣམ་དག་གི་ངང་། རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས་སྤེལ་བའོ། ། སླར་སྨྲས་པ། ཕ་རོལ་མངོན་མིན་གང་གི་མཛད་རྣམ་ལས། །བློ་གྲོས་རྩ་མཆོག་ཉག་ཅིག་ཐོགས་པའི་བུས། །རྟོགས་བརྗོད་ཆུ་ཐིག་བླངས་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་ཁྱེད་ཀྱི་རྣམ་ཐར་འཁྱོང་པར་ཤོག ། ། །སརྦ་མངྒལཾ། །