༄༅། །ན་མོ་གུ་རུ་བིདྱཱ་དྷ་ར་ཡེ། གདོད་མའི་གཞི་དབྱིངས་མི་འགྱུར་ཟང་ཐལ་ཀློང་། །བུམ་སྐུའི་རིག་འཛིན་ཉིན་བྱེད་གཏིང་གསལ་ཅན། །གང་གདུལ་རྒྱུ་སྐར་དབང་པོས་འདྲེན་བྱེད་པ། །མཁྱེན་བརྩེའི་འོད་ཟེར་ཀུན་འཕྲོ་དེ་ལ་འདུད། །མི་རྟོག་དབྱིངས་ཀྱི་དཀྱིལ་འཁོར་རབ་དྭངས་སྦུབས། །གཞི་སྣང་བདེ་བ་ཆེན་པོ་རབ་རྒྱས་ཏེ། །རྣམ་ཀུན་སྒེག་པའི་ལང་འཚོས་རབ་གཡོ་བ། །བློ་གཏེར་ལྷ་མོས་ཤིས་པ་རབ་ཏུ་སྩོལ། །ཅེས་གུས་བཏུད་ཀྱི་ཚིག་ཕྲེང་ཡིད་དགའི་དོ་ཤལ་སྔོན་དུ་བཏང་ནས། རིག་འཛིན་ཆེན་པོ་འཇིཊ་མེད་གླིང་པའི་ཚོགས་གླུ། ལེགས་སྨོན་རྟེན་འབྲེལ་འདིའི་དྲང་ངེས་ཀྱི་གོ་དོན། ཀུན་མཁྱེན་གང་གི་དགོངས་པ་ཇི་བཞིན་དུ་དཔོག་པ་ནི་ཤིན་ཏུ་དཀའ་ཡང་། རང་གི་ཡིད་དཔྱོད་གོ་ཡུལ་གྱི་ལྭ་བ་ཐོགས་ནས། སྲིན་འབུ་མེ་ཁྱེར་གྱི་སྒྲོན་མེ་ཞིག་སྤོར་ཏེ། བློ་གསལ་འགྲུལ་ལམ་གྱི་མུན་ནག་སེལ་བར་རྩོམ་པའི་ཚིག་འགྲེལ་མདོར་ཙམ། གཞི་འོད་གསལ་སྣང་བ་བཞི་དང་། ལམ་རིགའཛིན་རྣམ་བཞིའི་གོ་ཡུལ་དང་སྦྱར་ཏེ་བཤད་པ་ལས།
དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བར་བཤད་པ་ནི། ཇི་སྐད་དུ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་སྤྱོད་འཛིན་པའི་ཚིག་ལས་འདས། ། ཞེས་པ་ལྟར། དང་པོ། ཨ་ཧོ་ཞེས་ཧ་སངས་པའི་སྒྲར་གསུངས། ཧ་ག་རེ་ལ་སངས་ཞེ་ན། སྤྱིར་འོད་གསལ་གྱི་སྣང་བ་བཞི་ལ་ཧ་སངས་པ་དང་། ལྷག་པར་དུ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཧ་སངས་པ་སྟེ། རིན་ཆེན་གསེར་ཕྲེང་ལས། ལུས་འཁར་གཞོང་གི་རུས་སྦལ་སྡུག་གུར་ཚུགས། །ངག་སྨྲ་ཉུང་གི་ལྗགས་བདེ་གླེན་བརྫུས་མཁས། །ཡིད་གར་གཏད་ཀྱི་འཕྲོ་འགོད་དབང་འགྱུར་བ། །ད་ཆོས་ཉིད་མངོན་སྣང་དེ་ཨ་ལ་ཧོ། ། ཞེས་པ་ལྟར་རོ། དེ་ནས། ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། །རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །རྨ་བྱའི་ཟློས་གར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོང་། ། ཞེས་པའི་དོན་ནི། དེ་ཡང་། དབུ་མ་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། ། ཞེས་གསུངས་པ་ལྟར། གཟུགས་ནས་རྣམ་མཁྱེན་བར་གྱིས་འདུས་པའི་ཆོས་ཐམས་ཅད། རྟེན་ཅིང་འབྲེལ་འབྱུང་དུ་བཤད་པ་ལས། ཕྱི་འདུས་བྱས་ཀྱི་ངོས་ནས། ཆོས་མཐུན་གྱི་ལས་སྐལ་དང་སྨོན་ལམ་གྱི་མཐུ་བརྟས་པ་ཕྱིའི་རྟེན་འབྲེལ། ནང་འདུས་མ་བྱས་པའི་ངོས་ནས། དབྱིངས་ངོ་བོ་ཉིད་ཀྱི་སྐུ་དེ། གཞི་གདོད་ནས་འབྲས་བུ་ཡེ་ཤེས་ལྔ་ལྡན་དུ་བཞུགས་པ་ནང་གི་རྟེན་འབྲེལ། བར་དུ་བསྐལ་པ་འདིའི་སེམས་ཅན་སྤྱི་མཐུན་གྱི་ལས་ལ་ལྟོས་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་གསང་བའི་རྟེན་འབྲེལ། ཞར་ལ་རྣམ་འདྲེན་བཞི་པའི་ཐུཊ་བསྐྱེད་སྨོན་ལམ་ལ་ལྟོས་པའི་འབྲས་བུ། བསླུ་མེད་གསང་སྔགས་ཀྱི་བསྟན་པ་འབྱུང་བ། དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་དུ་མདོར་བསྟན་པ་སྟེ། རྩ་བའི་མདོ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་ནི་བདེ་བར་གཤེགས་པས་རིག །རྒྱུ་ལ་འགོག་པ་གང་ཡིན་པ། །དེ་ཡང་དགེ་སྦྱོང་ཆེན་པོས་གསུངས། ། ཞེས་པ་ལྟར་རོ། ཡང་ཇི་སྐད་དུ། ཆིག་བཀྲོལ་ལས། འདུས་བྱས་འདུས་མ་བྱས་པའམ། །ཀུན་རྫོབ་དོན་དམ་རྟེན་འབྱུང་ནི། །ཕྱི་ནང་རྒྱུ་རྐྱེན་གདགས་གཞི་སྟེ། །མདོར་ན་རྒྱུ་འབྲས་ཁོ་ན་མཚོན། ། ཞེས་པ་ལྟར་རྒྱུ་འབྲས་བསླུ་བ་མེད་པ་དང་། རྟེན་འབྲེལ་འཁྲུལ་བ་མེད་པ་དེས། སུམ་རྩེན་གྲོང་ན་བལྟམས་པའི་དཔག་བསམ་གྱི་ལྗོན་ཤིང་དང་འདྲ་བའི། མཁའ་འགྲོ་སྙིང་གི་ཐིག་ལེའི་བསྟན་པ་མགོ་སྙལ་ལག་ཟུན་ན་ཡོད་པས། གང་གིས་བསྟེན་ན་མངོན་མཐོ་ལྷ་མིའི་བདེ་སྐྱིད་ཀྱི་འདོད་རྒུ་དང་། ངེས་ལེགས་ཡེ་ཤེས་རྣམ་གསུམ་གྱི་དཔལ་ཐམས་ཅད་སྟེར་བའི་སེམས་ཀློང་མན་ངག་གི་སྡོང་པོ་འདིའི་སྟེང་དུ། ཐུབ་པ་ཆེན་པོ་མངོན་པར་འཚང་བརྒྱ་བའི་གནས་མཆོག་རྒྱ་གར་ཤར་ཕྱོགས་ཀྱི་༼གྱི༽ ཡུལ་གྲུ་རྣམས་སུ། གཅེས་ཉར་དུ་བཅངས་པའི་སྲོག་ཆགས་རྨ་བྱ་དང་མཚུངས་པར། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་གནས་དང་ཡུལ་གྱི་འདུ་བར། གཅེས་པར་བསྐྱངས་པའི་རིག་པ་འཛིན་པ། གཞི་དངོས་པོའི་གནས་ལུགས་ཀྱི༌སྨན༌ཆེན༌ལ་སྤྱོད་པས། ཆོས་དབྱིངས་ཡེ་ཤེས་བགྲེས་མེད་ཀྱི་ཟེར་དྭངས་ཤར་བའི་སློབ་བུ། རྣམ་སྨིན་རིག་འཛིན་གྱི་ས་ལ་ཞུགས་པས་གཞོན་ནུ་སྟེ། མདོར་ན་ཆོས་ཉིད་མངོན་སུམ་གྱི་སྣང་བས། མ་ཧཱ་ཡོ་གའི་སྣོད་དུ་གྱུར་པ་ཁྱེད་ཚོ་ཡང་ཕེབས་བྱུང་ཞེས་པ་དང་། རིག་འཛིན་གྱི་སློབ་བུ་གཅེས་ཉར་གྱི་རྨ་བྱའི་དཔེས་མཚོན་པ་ཁྱེད་ཚོས། རང་ལ་ཡེ་ནས་གནས་པའི་གཞི་བདེ་བཤེགས་སྙིང་པོ་དེ། ལམ་མཛེས་པའི་མདོངས་སྒྲོའི་མཚོན་ཁྲ་བདོ་བའི་ཉམས་ལེན་གྱི་ཟློས་གར་རམ། ཇི་སྐད་དུ། རྗེ་གཞན་ཕན་པས། གདམས་ངག་སངས་རྒྱས་ལག་བཅང་པད་མ་ཡི་ཟབ་གཏེར། །བཤད་སྒྲུབ་ཟུང་དུ་འབྲེལ་བ་ཀློང་ཆེན་གྱི་བུ་བརྒྱུད། །ཉམས་རྟོགས་ནང་ནས་ཤར་བ་རི་སུལ་གྱི་བྱ་བྲལ། །འཕོ་མེད་བདེ་ཆེན་རྒྱས་པ་སྔགས་འཆང་གི་རྣལ་འབྱོར། ། ཞེས་པའི་རྡོ་རྗེའི་ལུང་དང་མཐུན་པར་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་པ་ལ་བརྩོན་པས། ལྟ་བ་ཕྱོགས་ལྷུང་བྲལ་བ། སྒོམ་པ་ཡེངས་པ་མེད་པ། སྤྱོད་པ་ཚུལ་འཆོས་ཟད་པ། འབྲས་བུ་རེ་དོགས་བྲལ་བ་ཞིག་ལ་བསྒྱུར་དང་། ཕྱི་གཞིའི་ཡེ་ཤེས་རགས་པའི་རྣམ་པར་མི་མངོན་ཀྱང་། ནང་དབྱིངས་རིག་ཕྲ་བའི་འཕོ་འགྱུར་དང་བགྲེས་རྒུད་མེད་པའི་རིག་འཛིན་གཞོན་པ་ང་ཚོས། ཡོ་ག་སྡེ་གསུམ་ཆིག་སྒྲིལ་གྱི་ས་ལམ་རིམ་གྱིས་གཞལ་ཏེ། ཇི་ལྟར་ཀུན་མཁྱེན་བླ་མའི་མཛོད་མཐའ་དཔྱོད་དུ། རིམ་གྱིས་འཇུག་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བ་ཞེས་གསུངས་པའི་སྐབས་ཀྱི་ཐར་པའི་ལམ་སྣ་ཞིག་གམ། མི་གནས་མྱང་འདས་ཀྱི་ས་དེ། འགྱུ་དྲན་རྟོག་ཚོགས་ཐམས་ཅད་ཐད་ཀར་ཆོད་དེ། རིག་པ་སོ་མའི་ངང་བསྐྱང་པས་ད་ལྟ་རང་ཟིན་ཡོང་། ཞེས་པའི་དོན་ནོ།
གཉིས་པ་ཉམས་སྣང་གོང་འཕེལ་གྱི་སྣང་བར་བཤད་པ་ནི། བསོད་ནམས་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པའི། །ལྷོ་མོན་ཤིང་ལོ་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པ། །དབྱར་གསུམ་ནམ་ཟླ་བསྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་། ། ཞེས་པའི་དོན་ནི། ཡང་ཇི་སྐད་དུ། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པ་བྱེད། ། ཅེས་པ་ལྟར། རང་ཅག་བསོད་ནམས་དང་ཡེ་ཤེས་ཀྱི་གསག་རྒྱབ། དཔག་ཏུ་མེད་པ་ལས་སྐྱེས་པས། ཨོ་རྒྱན་པདྨའི་གདུང་འཚོབ་ཅིང་། སྡེ་གསུམ་ཆིག་སྒྲིལ་གྱི་མན་ངག་ལ་ལོངས་སུ་སྤྱོད་དེ། ཉམས་སྣང་གོང་དུ་འཕེལ་བའི་སྣང་བས། འཁྲུལ་པའི་སྣང་བ་ནུབ་པའི་གླུ་དབྱངས་ལྷང་ལྷང་དུ་ལེན་པའང། དཔེ་དཔྱིད་ཀྱི་རྒྱལ་མོའི་ཚུལ་དུ་བཞག་པའི་ཚེ་དབང་རིག་འཛིན་གྱི་སློབ་བུ་རྣམས་ཏེ། ཁྱེད་ཅག་མཁའ་འགྲོ་སྙིང་གི་ཐིག་ལེའི་ཤིང་རྟ་འདི་ལ་ཞོན་ནས། རིག་པ་འཛིན་པའི་རྒྱལ་སར་ཕེབས་པའི་ཕྱིར་། དབེན་པའི་ཡོན་ཏན་ཡོངས་སུ་ཚང་བའི་བས་མཐའ། དེ་ནི། ཇི་སྐད་དུ། རྒྱལ་བས་བསྔགས་པའི་ནགས་ཁྲོད་བས་མཐའ་ན། །འདུ་འཛི་ལས་སྐྱེས་ལོ་ཀའི་ཆོས་བརྒྱད་དང་། །ཚོང་དང་སོ་ནམ་བྱིས་དང་སྡིག་གྲོགས་མེད། །བྱ་དང་རི་དྭགས་འགྲོགས་ན་བདེ་བས་གང་། །བྲག་རིའི་ཕུག་དང་ལོ་མའི་ཁང་བཟང་དང་། །འདུལ་བ་དང་མཐུན་བྲང་ཁང་ཆུང་ངུ་ནི། །བསྒྲུབ་པར་སླ་ཞིང་ཐིག་ཚགས་རྣམ་གཡེང་ཉུང་། །དེ་ལ་ཆགས་ཞེན་མེད་པས་འགྲོ་སྡོད་བདེ། །ལྗོན་ཤིང་རླུང་གིས་བསྐྱོད་པའི་གཡོ་བ་དང་། །འབབ་ཆུ་ལྷུང་ལྷུང་འགྲོ་བའི་སྒྲ་སྐད་ལ། །ལུས་ངག་ལས་སྐྱེས་མི་དགེའི་ས་བོན་མེད། །དེ་ལ་བརྟེན་ནས་སྐྱོ་ཤས་ངེས་འབྱུང་འཕེལ། ། ཞེས་བསྔགས་པ་ལྟར་རམ། དཔེར་ན། ལྷོ་མོན་གྱི་ནགས་ཀླུང་དུ་ཤིང་སྣ་ཐམས་ཅད་ལོ་མ་མེ་ཏོག་དང་འབྲས་བུས་ཕྱུག་པ་ལྟ་བུར། རང་ཅག་འདུག་པའི་དགོན་གནས་འདིར་ཡང་། ཉུང་ཐ་དབེན་པ་གསུམ་གྱི་ཡོན་ཏན་གྱི་མེ་ཏོག་བཀྲ་བས་སྐྱེད་མོའི་ཚལ་ལྟར་མཛེས་པ་སྟེ། འདི་ན་ཁྱེད་དད་ལྡན་གྱི་སློབ་འབངས་བུང་བའི་སྤྲིན་ཚོགས་བཞིན་དུ་འདུས་ཏེ། རབ་ཆོས་ཀྱི་༼གྱི༽སྙིང་པོ་ཨ་ཏི་ཡོ་གའི་མན་ངག་གི་སྦྲང་རྩི་ལེན་པ་དང་། འབྲིང་ཨ་ནུ་ཡོ་གའི་ལུང་གི་དྲི་བསུང་སྣོམ་པ། མཐའ་མས་ཀྱང་མ་ཧཱ་ཡོ་གའི་བསྙེན་སྒྲུབ་འཛབ་ཀྱི་གླུ་དབྱངས་ལེན་པ་ནི་ཁུ་བྱུག་གིས་སྒྲོག་པའི་གསུང་སྙན་གྱི་དཔེར་བཞག་པ་དང། ཆོས་བརྒྱུད་གཞན་གྱི་གྲུབ་མཐའ་རྣམས་ཀྱང་ཟབ་སྙན་གྱི་དཔེ་ཡ་གི་དྲི་ཟའི་བུ་མོའི་གླིང་བུར་སྦྱར་ཞིང་། རིམ་དགུ་ཐེག་པའི་ཡང་རྩེ་ནི་དྲི་ཟའི་གླིང་བུ་ལས་ཀྱང་ཆེས་ཟབ་ཅིང་སྙན་པ་དང་ཡིད་དུ་འོངས་པར་བཞེད་པ་སྟེ། དེ་ཡང་། ཇི་སྐད་དུ། རྒྱུད་ལུང་མན་ངག་གི་མཛོད་ཕུགས་ན། །ཡང་ཏིག་ཡིད་བཞིན་གྱི་ནོར་བུ་བཞུགས། །དགོས་འདོད་ཀུན་འབྱུང་གི་ནུས་པ་ཆེ། །གསེར་གྱི་ཡང་ཞུན་ཞིག་འདི་ན་གདའ། །དབྱིངས་རིག་ཟང་ཐལ་གྱི་ཀློང་ཆེན་ན། །ཐེག་བརྒྱད་ཟིལ་གནོན་གྱི་གསེར་འཁོར་བཞུགས། །འཁོར་འདས་དབང་བསྒྱུར་གྱི་འོད་ཟེར་ཆེ། །རྒྱལ་ཐབས་སྤྱི་བླུགས་ཤིག་འདི་ན་གདའ། ། ཞེས་གསུངས་པའི་ཕྱིར་རོ། དེ་ལྟར་ཚིག་སྙན་དོན་ཟབ་ལ་མཚུངས་ཟླ་མ་མཆིས་པའི་ཟབ་ཆོས་དེས། སྐལ་ལྡན་ཨ་ནུ་ཡོ་གའི་སྣོད་དུ་གྱུར་པ་ནི་སྨོས་ཅི་དགོས། ཐ་ན་འབྲེལ་ཚད་ཀྱི་སྐལ་མེད་རྣམས་ལའང་། བསོད་ནམས་དང་ཡེ་ཤེས་ཀྱི་ལེགས་ཚོགས། དབྱར་ཟླ་གསུམ་གྱི་ནམ་ཟླའི་ཕུན་ཚོགས་ལྟར་བསྲོ་བའམ་གོང་དུ་སྤེལ་བའི་ཕན་རླབས་སྤྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་ངོ། ཞེས་པའི་དོན་ནོ།
གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བར་བཤད་པ་ནི། འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགས། །ང་ཚོའི་བླ་མ་བཞུགས་པའི་ཆོས་ར་ལ་ཕེབས་དང་། །སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས། །ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ། ། ཞེས་པའི་དོན་ནི། ཡང་ཇི་སྐད་དུ། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། ། ཞེས་པ་ལྟར། ཕྱི་རོལ་སྣོད་བཅུད་སྣ་ཚོགས་སུ་སྣང་བ་བརྡའི་དཀྱིལ་འཁོར། ནང་དུ་སྐུ་ལྔ་ཡེ་ཤེས་ཀྱི་རོལ་པར་ཤར་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གསང་བར་ཀ་དག་བློ་འདས་ཀྱི་འོག་མིན་དུ་རིག་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར། དེ་དག་ཐམས་ཅད་རོ་ཅིག་དུ་མར་གྲུབ་པ་ནི། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་པའི་རྡོ་རྗེའི་ལུས་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་། ཀྱཻ་རྡོ་རྗེའི་རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་དང་། ཟབ་གནད་ཆིག་བཀྲོལ་ལས། རིགས་གསུམ་གནད་དུ་བསྡུས་པ་ན། །རིག་པ་ཚད་ལ་ཕེབས་པ་ཡིས། །འཇིག་རྟེན་དག་པའི་སྣང་བ་ནི། །ཆོས་སྤྲིན་དཀྱིལ་འཁོར་ཉིད་དུ་འཆར། ། ཞེས་དང། དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ། །དམ་ཚིག་ཡེ་ཤེས་གཉིས་མེད་པས། །རང་རིག་རྩ་བ་གསུམ་དུ་གནས། ། ཞེས་དང་། གཞན་ཡང། གནས་ཡུལ་གདོད་ནས་དག་པ་འོག་མིན་གྱི་ཞིང་ན། །འདུ་བ་ཡོངས་སུ་སྨིན་པ་ལྷན་སྐྱེས་ཀྱི་ལྷ་ཚོཊ། །ཞེས་ཀྱང་ཟེར་བ་ལྟར་རོ། དེ་ལྟ་བུར། ཕྱི་རྟེན་དང་དམིགས་པ་རང་བཞིན། ནང་བརྡ་དང་ཏིང་འཛིན་ལྷུན་གྲུབ། གསང་བར་སྐུ་གསུམ་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདིར་བདག་ཅག་རྣམས་འདུས་པ་དེ་ཡང་། ཚེ་རབས་ཀྱི་ལས་དང་སྨོན་ལམ་གྱི་སྟོབས་མཐུན་པས་མཆེད་ལྕམ་རྡོ་རྗེའི་སྤུན་དུ་འདུས་པ་ཡིན་ལ། དེ་ཡང་མཆེད་པ་བཞི་ལྡན་དུ་འདུས་པ་སྟེ་། རིག་པ་རང་ཤར་གྱི་རྒྱུད་ལས། རྡོ་རྗེ་སྤུན་ནི་དོན་བཞིར་འདུས། །དེ་ཡང་ཕྱི་ནང་འདུས་པ་དང་། །གསང་དང་ཡང་གསང་འདུས་པའོ། ། ཞེས་གསུངས་པ་ལྟར། གསང་སྔགས་ལ་ཞུགས་ཚད་ཕྱིའི་རྡོ་རྗེ་སྤུན། ཆོས་དང་བརྒྱུད་པ་གཅིག་ཚད་ནང་གི་རྡོ་རྗེ་སྤུན། བླ་མ་དང་དཀྱིལ་འཁོར་གཅིག་ཚད་གསང་བའི་རྡོ་རྗེ་སྤུན། དབང་དང་མན་ངག་མཉམ་དུ་ཞུས་ཚད་ཡང་གསང་གི་རྡོ་རྗེ་སྤུན་དུ་འདུས་པའོ། དེ་ལྟར་འདུས་པའི་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས། དེ་རིང་ང་ཚོའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། དམ་ཆོས་ཀུན་འབྱུང་གི་རང་བཞིན། འདུས་པ་རྒྱ་མཚོའི་ཐུགས་རྗེ། ཡེ་དག་ཡེ་རྫོགས་ཀྱི་ངོ་བོ་ཉིད་སྐུར་བཞུགས་པ་སྟེ། དེ་ཡང་ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། ། ཞེས་དང་། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབས་པ་རྣམས་ནི་ཆོས་སྐུ་ཡིན། ། ཞེས་དང་། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། ། ཞེས་བླ་མ་ནི་སྐུ་བཞིའི་བདག་ཉིད་དུ་བཞེད་པ་དང་། ཐ་ནའང་། རང་བཞིན་བརྒྱད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དུ་བསྔགས་པའིི་ཕྱིར་རོ། མདོར་ན་དེ་ལྟ་བུའི་བླ་སློབ་རང་ངོས་ཀྱི་ངེས་པ་ལྔ་དང་ལྡན་པས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའི་ཕྱག་རྒྱའི་རིག་འཛིན་གྱི་ཆོས་རའམ་ཚོགས་གྲལ་འདི་ལ་ཕེབས་དང་། རང་རྒྱུད་ཟབ་མོའི་དབང་གིས་སྨིན་ཅིང་། གཞན་རྒྱུད་ཡང་ཟབ་མན་ངག་གིས་གྲོལ་བར་ནུས་པའི་མཁའ་འགྲོའི་སྙིང་གི་ཐིག་ལེ། འོད་གསལ་རྡོ་རྗེའི་སྙིང་པོའི་ཐེག་པ། འཆི་མེད་ལྷའི་བདུད་རྩི་ལྟ་བུ་འདི་ལ་ལོངས་སུ་སྤྱོད་འམ་འཐུང་བའི་བག་སྤྲོ་སྣང་སྐྱིད་ཀྱི་དགའ་སྟོན་གྱི་ངང་ནས། ཇི་སྐད་དུ། ནང་རྡོ་རྗེའི་ལུས་ཀྱི་གཙང་ཁང་ན། །ཕུང་ཁམས་གནས་དག་གི་ལྷ་ཚོགས་བཞུགས། །མ་བཅོས་ལྷུན་གྲུབ་ཀྱི་ཞལ་ཕྱག་མཛེས། །ལྷ་བྱིན་རླབས་ཅན་ཅིག་འདི་ན་གདའ། །ཞེས་དང་། དགོངས་བརྒྱུད་དག་པའི་བྱིན་རླབས་སྙིང་དབུས་སུ་བབས་པས། །སྐྱེ་མེད་རིག་སྟོང་རྗེན་པའི་གནས་ལུགས་དེ་མཐོང་བྱུང་། །རྟོག་ཚོགས་རང་སར་དག་པའི་སྣང་བ་འདི་དགའ་ཡོད། །རེ་དོགས་མཐའ་ལས་གྲོལ་བའི་སྐྱིད་གླུ་ཞིག་འཐེན་ནོ། ། ཞེས་རྡོ་རྗེའི་ལུང་གིས་བསྒྲུབས་པ་ལྟར། རིག་པ་ཚད་ལ་ཕེབས་པའི་ཉམས་དང་རྟོགས་པ་རྒྱུན་འཁྱོང་གི་ངང་ནས། ཨ་ཏི་ཡོ་གའི་སྣོད་དུ་གྱུར་ཏེ་དགའ་དགུའི་སྤྲོ་སྣང་གླུ་རུ་ལེན་པའི་ཁྱད་ཆོས་ཡ་མཚན་པ་ཞིག་ཡོད་དོ། ཞེས་པའི་དོན་ནོ།
བཞི་པ་ཆོས་ཟད་བློ་འདས་ཀྱི་སྣང་བར་བཤད་པ་ནི། བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་། །མ་དང་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པས། །འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ། ། ཞེས་པའིི་དོན་ནི། ཡང་ཇི་སྐད་དུ། ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། ། ཅེས་པ་ལྟར། གཞིའི་ཆོས་ཐམས་ཅན་དབྱིངས་ཀྱི་ཡེ་ཤེས་སུ་དག་པའི་ཆོས་ཟད་བློ་འདས་ཀྱི་བདེ་བ་ཆེན་པོ། ངོ་བོ་འཕོ་འགྱུར་དང་བགྲེས་རྒུད་མེད་པ། རང་བཞིན་ལྷུན་གྲུབ་ཟུང་འཇུག་ཏུ་བཞུཊ་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་རང་རྩལ་འབད་མེད་དུ་ངོམས་པས། སྟོང་རིག་ཐིག་ལེའི་དབུས་སུ། རང་གདངས་ཡེ་ཤེས་ལས་མ་གཡོས་པར་བཞུགས་པའི། ཤེས་རབ་དང་ཡེ་ཤེས་ཀྱི་རིག་པ་འཛིན་པ་ང་ཚོའི་ས་འཚམས་གྲལ་གྱི་དབུས་ནས། དེ་ཡང་། ཇི་སྐད་དུ། གཞི་དབྱིངས་ཁག་ཁར་མ་འཇོག་ཕྱམ་བརྡལ་གྱི་དགོངས་པར། །འཁོར་འདས་བཟང་ངན་མ་འཕྱེ་རོ་གཅིག་གི་ཞིང་ཁམས། །དབྱིངས་ཡེ་ཐ་དད་མ་འབྱེད་རང་བྱུང་གི་སངས་རྒྱས། །ཆོས་ཉིད་ཟད་སར་འཁོད་པའི་སྨོན་ལམ་ཞིག་ཞུའོ། ། ཞེས་ཀྱང་ཟེར་བ་ལྟར། ཀ་དག་ཆོས་ཟད་ཀྱི་རིག་པས། ལྷན་སྐྱེས་མ་རིག་པའི་གྲིབ་མ་སྦྱང་སྟེ། སྣང་གྲགས་རིག་གསུམ་ལྷ་དང་བླ་མར་ཡེ་རྫོགས་སུ་ཤར་བའི་ལྷུན་གྲུབ་རིག་འཛིན་གྱི་ཞལ་རས་སམ་གནས་ལུགས་དེ། ཀུན་བརྟགས་བློས་བཅས་ཀྱི་བསྐྱེད་རྫོགས་སུ་མ་བསྒོམས་ཀྱང་། ཇི་སྐད་དུ་གཞན་ཕན་ཆོས་སྣང་གི་ཞལ་སྔ་ནས། རང་འདོད་འཁྲི་བ་ཟད་པ་བྱང་ཆུབ་ཀྱི་སྤྱོད་མཆོག །འཁྲུལ་སྣང་ཀ་ནས་དག་པ་ཆོས་ཟད་ཀྱི་རིག་པ། །ཚོགས་ཆེན་ཡེ་ནས་རྫོཊ་པ་རང་བྱུང་གི་ཡེ་ཤེས། །བློ་འདས་སྨྲ་བསམ་བརྗོད་མེད་ལྷན་སྐྱེས་ཀྱི་བདེ་ཆེན། ། ཞེས་གསུངས་པར་ལྟར་མཐོང་བྱུང་ངོ་ཞེས་པ་དང་། དེ་ལྟར་མཐོང་བྱེད་ཀྱི་ཟབ་ཆོས་རྫོགས་པ་ཆེནཔོའི་ཤིང་རྟ། པཎ་ཆེན་བི་མ་ལ་མི་ཏྲ་དང་། སློབ་དཔོན་པདྨ་འབྱུང་གནས། ལོ་ཆེན་བེ་རོ་ཙ་ན་གསུམ་གྱིས་ཁ་བ་ཅན་དུ་དྲངས་པའི་ཆ་ཤས། འདིར་སློབ་དཔོན་པདྨས་མཚོ་རྒྱལ་གྱིས་གཙོས་པའི་མཁའ་འགྲོ་འབུམ་ལ་གསུང་ཞིང་གཏད་པ་དང་གཏེར་དུ་སྦས་པའི་ཡང་ཏིག ཕྱིས་སུ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བླངས་པ། རིམ་བཞིན་ལས་ཅན་གྱི་རིག་འཛིན་རྣམས་ཀྱིས་ཉམས་སུ་བསྟར་བ། རྣམ་ཀུན་བསྟན་སྲུང་མ་མགོན་ལྕམ་དྲལ་གྱིས་སྲོག་ལྟར་སྲུང་ཞིང་། རྟག་ཏུ་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་སྙིང་ལྟར་གཅེས་པར་བསྐྱངས་པའི་ཟབ་ཆོས་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པ། གསལ་ལ་མི་རྟོག་པའི་ངོ་བོ། ཡེ་གསལ་ཡང་གསལ་གྱི་རང་བཞིན། མ་བུ་མཉམ་འདྲེས་ཀྱི་ཐུགས་རྗེ། རང་ངོ་རང་སྤྲོད་ལ་མཚུངས་པའི་དཔེ་ཟླ་མེད་པ། འོད་གསལ་རྡོ་རྗེ་སྙིང་པོའི་ ༼གྱི་༽ ཐེག་པ་འདི་ལ་རྟེན་ནས། ཀུན་ཀྱང་ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར་ཏེ། ཕྱི་རོལ་དུ་ལུས་ཆགས་པའི་ཡུལ་ལས་འདས་པ་འཇའ་ལུས་རྡོ་རྗེའི་སྤྲུལ་སྐུ། ནང་དུ་ངག་གཟུང་བའི་ཡུལ་ལས་འདས་པ་གཞོམ་མེད་རྡོ་རྗེའི་ལོངས་སྐུ། གསང་བར་ཡིད་མཚན་མའི་ཡུལ་ལས་འདས་པ་སྒྲིབ་མེད་རྡོ་རྗེའི་ཆོས་སྐུ་སྟེ། མདོར་ན། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ། གཞི་དང་སྣང་ཆ་ལྷན་ཅིག་སྐྱེས་པའི་རང་བཞིན། མོས་བསམ་དབང་པོ་ཀུན་ནས་བཏུས་པའི་ཐུགས་རྗེ། གོ་སླ་བའི་ཚིག་གིས་སྡུད་ན། ཇི་སྐད་དུ། འཕྲོ་དགོད་དུག་ལྔའི་རང་མཚན་དང་། །མི་རྟོག་ཆོས་སྐུའི་དགོངས་པ་གཉིས། །གདོད་མའི་སྐྱེ་འགགས་མེད་པར་གཅིག །གནས་དགའ་འགྱུ་སྡུག་ཅི་ལ་བྱེད། ། ཅེས་དང་། ཕུང་པོ་ལྔ་དོན་དུས་གསུམ་པ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོཊ་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། ། ཞེས་པ་ལྟར། ཚེགས་མེད་ཀྱི་ཡུན་ལ། སྤྲང་པོས་སྒྱེད་པུ་གསེར་དུ་ངོས་ཟིན་པའི་ཚུལ་གྱིས། སྐུ་གསུམ་གྱི་ཡེ་ཤེས། བདེ་བླག་ཏུ་མངོན་དུ་འགྱུར་པའམ། ཡོངས་སུ་འགྲུབ་པ་སྟེ། ཇི་སྐད་དུ། གཉིས་འཛིན་འཁྲུལ་པའི་སྣང་བ་སྐྱེས་མེད་དུ་གྲོལ་བས། །འཁོར་འདས་མཉམ་བརྡལ་མ་རྗེས་རང་བྱུང་གི་སངས་རྒྱས། །གདོད་མའི་མགོན་པོའི་རྒྱལ་ས་རང་མལ་ནས་བརྙེས་དེས། །གུ་ཡངས་བློ་བདེའི་ཉི་མ་སྙིང་དབུས་ནས་ཤར་བྱུང་། ། ཞེས་པ་ལྟར་སྟན་ཐོག་འདི་ལ་གདོད་མའི་རྒྱལ་སར་འབྱོར་བའི་སྨོན་ལམ་༼ཞིག༽ གམ་དངོས་གྲུབ་ཅིག་ཞུའོ། ། ཞེས་པའི་དོན་ནོ། །
ཞེས་པའང་། རིག་འཛིན་ཆེན་པོའི་དགོངས་པ་ནམ་མཁའི་མཐའ་དང་མཉམ་པ་དེ་ཉིད། སོ་སྐྱེས་གྲོག་མ་ཙམ་གྱི་བློའི་གཞལ་ཡུལ་མ་ཡིན་ཀྱང་། རང་མཉམ་ཐོས་པའི་དཔུང་ཤེད་ཆུང་རུང་། བསམ་སྒོམ་གྱི་ལོ་ན་སྨིན་པའི་ཆོས་པ་འགའ་ལ་སྨན་པའི་ཆེད་དུ། ཨར་འདམ་བྲག་རོང་གི་རི་ཁྲོད། རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས། རིག་འཛིན་རྒྱ་སྐར་དབང་པོས། ཅི་ཤེས་ཀུན་རྟོག་གི་ཡིད་དཔྱོད་ལ་བརྟེན་པའི་གོ་ཡུལ་རྣམས། ཧྲོབ་བྲིས་སུ་བཀོད་པའི་དགེ་བའི་ཀྱང་། མཐོང་ཐོས་དྲན་རེག་ཐམས་ཅད། ཀུན་མཁྱེན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། ། །སརྦ་མངྒ་ལཾ། །