༈ ཕོ༑ ཡིད་འོང་ཀྃ་མ་ལྷ་ཡི་མེ་ཏོག་ལས། །མཛེས་པའི་ཁྃ་དོག་ལྡན་པའི་སྙིང་མཐུན་མ། །ཁྱོད་ནི་གྃ་ལས་ལྟ་རུང་ལེགས་མི་ལེགས། །སྟག་ཤར་ངྃ་ནི་ཁྱོད་ལུ་ཧིང་ལས་དགའ། ། མོ༑ རིན་ཐང་ཅན་གྱི་ཅྃ་ལ་གསེར་དངུལ་བཟུམ། །ཁྱོད་ལུ་འཕངས་པའི་ཆྃ་བཞག་བསྐྱེད་མཆིས་རུང། །ཇྃ་ཆང་ལོངས་སྤྱོད་འཛོམས་པའི་འབྲུག་ཡུལ་ལས། །ཉྃ་མོ་རྒྱ་མཚོའི་ཕར་ཁ་ལྷོད་མ་ཚུགས། ། ཕོ༑ ཏཱྃ་རཱ་སྒྲོལ་མའི་རྣམ་འཕྲུལ་ཡིད་འོང་ཁྱོད། །ས་ཐྃ་རྒྱང་ལུ་ཡུན་རིང་མ་སྡོད་པར། །ཉིནམ་འདི་དྃ་རེས་ནངས་པ་གཉིས་ལུ་དང། །ཡང་ནྃ་དུས་ཅི་སང་ཕོད་གཉིས་ལུ་ཤོག ། མོ༑ པྃ་ཏྲཱ་རི་མོ་ཅན་གྱི་ཁང་བཟང་དང་། །ཕྃ་མ་སྤུན་ཆ་རྒྱབ་ཁར་ལུས་དོ་ཟེར། །བྃ་མོ་ཉི་མས་ཞུ་བའི་གདུང་ཤུགས་དང་། །མྃ་བུ་སོ་སོར་བྲལ་བའི་སྡུག་བསྔལ་ཡོད། ། ཕོ༑ ཁྱོད་གཟུགས་མཛེས་པའི་ཙཾ་རི་སྨྱུག་མ་འདི། །རྐྱེན་ངན་སད་སེར་ཚཾ་བས་རྡུང་མ་བཅུག །ཛཾ་ལང་དབང་ཆེན་དཔོན་གྱིས་བཅོམ་མ་བཅུག །ཝྃ་མོ་མཉམ་ཆུང་ཚུ་གིས་བརྐུ་མ་བཅུག ། མོ༑ སྐྱེས་པའི་ཁ་ཚིག་ཞྃ་བོར་མ་འགྱུར་ན། །ཟྃ་མའི་དམ་ཚིག་མདུད་ཕོད་མི་གོལ་མས། །འྃ་འུར་རྐྱེན་ངན་རླུང་འཚུབ་ལངས་རུང་རང་། །ཡྃ་གི་དཀོན་མཆོག་གསུམ་ལུ་བློ་གཏད་གནང་། ། ཕོ༑ སྨན་ཆུང་ཁྱོད་རྃ་བརྩེ་གདུང་མ་ཆུང་ན། །བར་ན་ལྃ་ལུང་རྒྱ་མཚོ་ཚུད་སོང་རུང་། །ཤྃ་ཚ་ཧིང་ཚ་ཅན་གྱི་སྟག་ཤར་ང་། །གནམ་སྃ་དཔང་ལུ་བཙུག་སྟེ་སྒུག་སྡོད་འོང། ། མོ༑ ཧྃ་ལམ་སྐར་ཆ་རེ་རེའི་བར་ན་ཡང་། །སྙིང་མཐུན་ཁྱོད་ར་སེམས་ཁར་དྲན་སྟེ་གིས། །ཨྃ་མའི་བུ་མོ་འཁྲུལ་སྣང་ལང་དོ་མས། །འཕྲལ་དང་མྱུར་དུ་འཕྱད་པའི་སྨོན་ལམ་ཞུ། ། གཞས་ཚིག་འབྲུག་སྐད་མ་འདི་ནི་ མཛངས་མ་ཨ་མྀ་ཏཱ་རཱའི་ངོར་ རིག་འཛིན་སྐར་མས་ སྒྱུ་མའི་རོད་རྩེད་ཀྱི་ཚུལ་དུ་བཀོད་པའོ། །