༄༅། །དྲི་མེད་མཁྱེན་རབ་དབང་པོ་འཇམ་དཔལ་དབྱངས། །དམིགས་མེད་བྱམས་བརྩེའི་གཏེར་ཆེན་སྤྱན་རས་གཟིགས། །ལྷག་མེད་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་བཛྲ་པ་ཎི་ཧཱུྂཿ བདུན་ནམ་ཉེར་གཅིག་གམ་བརྒྱ་སྟོང་སོགས་ཀྱི་རྗེས། དགེ་བ་འདི་ཡིས་བདག་སོགས་འགྲོ་རྣམས་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ཏེ། །རིགས་གསུམ་མགོན་པོ་ཁྱེད་དང་དབྱེར་མེད་པར། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །བདག་ནི་གང་དུ་སྐྱེས་པའི་སྐྱེ་བ་ཀུན། །འགྲོ་རྣམས་ཕན་དང་བདེ་ལ་སྦྱོར་བའི་ཕྱིར། །མཁྱེན་བརྩེ་ནུས་གསུམ་ཁྱེད་དང་མཉམ་པར་ཤོག །མཁྱེན་རབས་འཇམ་དཔལ་དབྱངས་དང་མཚུངས་པར་ཤོག །སྙིང་རྗེ་སྤྱན་རས་གཟིགས་དང་མཉམ་པར་ཤོག །མཐུ་སྟོབས་གསང་བའི་བདག་དང་མཐུན་པར་ཤོག །རིགས་གསུམ་མགོན་པོ་ཁྱེད་དང་རོ་གཅིག་ཤོག །དེ་ལྟར་ཇི་སྲིད་འཁོར་བ་མ་སྟོང་པར། །འགྲོ་བའི་དོན་ལ་མཁྱེན་བརྩེ་ནུས་གསུམ་གྱིས། །གཞན་དོན་བརྩོན་པས་སྐད་ཅིག་མི་ངལ་བར། །རིགས་གསུམ་མགོན་པོའི་གོ་འཕང་འཐོབ་པར་ཤོག ། ཅེས་པའང་ཨར་འདམ་བྲག་རོང་གི་རི་ཁྲོད་དུ་རིག་འཛིན་སྐར་མས་སྦྱར་བའོ། །