༄༅། །ཀ་དག་རྫོགས་ཆེན་ཀུན་བཟང་དགོངས་པའི་ཀློང་། །ཁ་དོག་འོད་ལྔའི་ཚོམ་བུ་འགགས་མེད་གདངས། །ག་ནས་ཟུང་འཇུག་བདེ་ཆེན་ཀུན་ཁྱབ་པར། །ང་ཡི་དལ་རྟེན་ཡུན་གསོའི་རྒྱབ་བརྟེན་གསོལ། །ཅ་ནོར་སྟོང་གསུམ་ཁྱོན་གདལ་རིན་གྱིས་ཀྱང་། །ཆ་ཙམ་གཞལ་མེད་དཀོན་པ་མཆོག་གི་གཙོ། །ཇ་ཐུན་འཁོར་བ་དོང་སྤྲུགས་མཆོག་གསུམ་ལ། །ཉ་ཁྲ་བདག་ཉིད་ཡུན་འཚོའི་རྒྱབ་བརྟེན་གསོལ། །ཏ་ལེར་སྲིད་ཞི་མཉམ་བརྡལ་ཚེ་མཐའ་ཡས། །ཐ་དག་ཞལ་ཕྱག་མཚན་རྫོགས་རྣམ་པར་རྒྱལ། །ད་གཟོད་རིག་སྟོང་འཕོ་མེད་སྒྲོལ་དཀར་ལ། །ན་ཡོལ་བདག་ལུས་ཡུན་གསོའི་རྒྱབ་བརྟེན་གསོལ། །པ་མའི་རང་རིག་འགྱུར་མེད་བདེ་ཆེན་ཉིད། །ཕ་ཀིའི་རྒྱང་མིན་སྐར་མདའི་མགྱོགས་ཡུན་དུ། །བ་ཆའང་མེད་པར་གསལ་མཛད་བླ་མ་ལ། །མ་རིག་ང་ཉིད་ཡུན་འཚོའི་རྒྱབ་བརྟེན་གསོལ། །ཙ་དབང་གོ་ལར་ལྷུན་ཆགས་རྔམས་བརྗིད་ཀྱིས། །ཚ་དྲག་གང་འདུལ་སྙིང་རྗེ་ཁྲོས་པའི་གཟུགས། །ཛ་ཡ་བདེ་གཤེགས་བཀའ་བརྒྱད་ཡི་དམ་ལ། །ཝ་མོ་བདག་ལུས་ཡུན་གསོའི་རྒྱབ་བརྟེན་གསོལ། །ཞ་འབྲིང་ཕྱག་རྒྱས་གང་ལ་ཅི་མཁོ་དང་། །ཟ་ཟླའི་རྗེས་ཆགས་བརྩེ་བའི་དམ་ཚིག་ཅན། །འ་ཅི་བདེ་ཆེན་རྒྱལ་མོའི་མཁའ་འགྲོ་ལ། །ཡ་མདུང་ང་ཉིད་ཡུན་འཚོའི་རྒྱབ་བརྟེན་གསོལ། །རཱ་ཧུཾ་སྔགས་སྲུང་དམ་ཅན་གཙོ་འཁོར་དང་། །ལ་འུར་ཅི་བཅོལ་བསྒྲུབ་པའི་བསྟན་སྲུང་སོགས། །ཤ་ཁོན་དགྲ་སྙིང་དགྱེས་པའི་ཆོས་སྐྱོང་ལ། །ས་ཉུལ་རིག་འཛིན་ཡུན་འཚོའི་རྒྱབ་བརྟེན་གསོལ། །ཧ་ཡོའི་བེམ་རིག་མཉམ་འབྱར་གོག་ཧྲུལ་དེར། །ཧ་ཅང་ཞན་ལོག་ཡུན་འཚོར་མི་བྲོད་ཀྱང་། །ཨ་ཏི་ཡོ་གའི་བསྟན་ལ་ཤ་ཞེན་གྱིས། །ཨ་ཕོ་ཡུན་དུ་གསོན་པའི་རྒྱབ་བརྟེན་གསོལ། །ཨི་ནུས་ཕུན་ཚོགས་གྲུ་ཆར་ནོར་འཛིན་ཁེངས། །ཨུ་ཅུག་འཕྲིན་ལས་རྣམ་བཞི་ཕྱོགས་མཐར་བརྡལ། །ཨེ་ནུས་བསྟན་འགྲོར་སྨན་ལ་བརྩོན་བཞིན་དུ། །ཨོ་ཡན་རིག་འཛིན་རྣམ་ཀུན་རྒྱལ་འགྱུར་ཅིག ། ། །ཅེས་པའང་ རེ་ཞིག་ཨུ་རུ་སུའི་ཡོངས་འཛག་ལ་ བག་ཡངས་སུ་རོལ་བའི་ རིག་འཛིན་བེམ་རིག་མཉམ་འབྱར་གྱི་གོག་ཧྲུལ་ རང་ཉིད་དགེ་སྦྱོར་ཉམས་དམས་སུ་སོང་ཞིང་ ཡང་ཡང་རྒྱང་རིང་དུ་བསྐྱོད་པར་རྨིས་པ་ལས་ སྐྱབས་ཡུལ་དམ་པ་རྣམས་ལ་ཐུགས་དམ་བསྐུལ་བའི་ཕྱིར་ བརྟན་གསོའི་གདུང་འབོད་འཆི་མེད་ཚེ་བསྲིང་གི་རྔ་སྒྲ་ལ་ཟླ་བའི་ཀ་ཕྲེང་འདི་ཡང་ རང་སྣང་འོད་སྤྲིན་གྱི་ཚལ་དུ་བཀོད་པ་དགེའོ། །