༈ ཀ་མས་ཡིག་བཟོ་འདི་ལ་བྱང་དུས་མེད། །ཁ་ངལ་བློར་འཛིན་དེ་ལ་ཟིན་དུས་མེད། །ག་ཆད་འཁྲུལ་སྣང་འདི་ལ་སངས་དུས་མེད། །ང་ཡི་སྐྱིད་སྡུག་དབྱངས་ཅན་ཁྱེད་རང་མཁྱེན། །ཅ་དངོས་པེ་ཤ་གྲྭ་རྒན་དེ་ཚོ་ཕྱུག །ཆ་ལུགས་གྱོན་ཆས་གྲྭ་གཞོན་དེ་ཚོ་མཛེས། །ཇ་མོག་ཞིམ་དགུ་ཁུར་ཐང་ཁྲོམ་ལ་འཚོང་། །ཉ་ཕྲག་ང་ལ་བགོ་སྐལ་ཅི་ཡང་མེད། །ཏ་ལོ་ནོར་སྒང་མཇལ་དུ་ཕྱིན་པའི་ཚེ། །ཐ་རིང་མཁོ་མཐིང་འགྲོ་བའི་ལམ་ཡང་མཐོང་། །ད་རེས་དངོས་སུ་འགྲོ་དབང་མེད་ན་ཡང་། །ན་མར་ལན་ཅིག་འགྲོ་བའི་སྨོན་འདུན་བྱས། །པ་ར་མི་ཏའི་བསྟན་བཅོས་སྦྱང་དུས་འདིར། །ཕ་ལམ་ལྟ་བུའི་བརྩོན་འགྲུས་མ་བསྐྱེད་པར། །བ་ཕྱུགས་ངུར་སྨིག་གཡོག་པའི་འཁྱོར་འགྲོས་དེས། །མ་མཐའ་མཁས་པར་གྱུར་ན་ཨ་ཙ་མ། །ཙ་ཁི་ངོས་མ་ཟིན་པའི་གྲྭ་ཆུང་གཅིག །ཚ་ཚིག་དཀོར་གྱིས་འབྲངས་པའི་གྲྭ་རྒན་གཉིས། །ཛ་དྲག་སྤྱོད་ངན་བདོ་བའི་བླ་སྤྲུལ་གསུམ། །ཝ་ལེར་བག་ཡོད་གྱུར་ན་ཅི་མ་རུང་། །ཞྭ་གོས་ཡིད་དུ་འོང་བའི་ངུར་སྨྲིག་ཀླུབ། །ཟ་མ་གསོལ་ཚོགས་སྟོན་ཆེན་བཞིན་དུ་རོལ། །འ་འུར་བྲེལ་མེད་སློབ་གཉེར་བརྩོན་བཞིན་དུ། །ཡ་རབས་བཟང་སྤྱོད་བསླབ་པའི་སྐལ་བཟང་རྨད། །རྭ་ཅོ་ཁེངས་དྲེགས་ཡིད་ལ་མི་སྒྲེང་བར། །ལ་ཡོལ་ཤེར་སྒྲོན་བློ་ལ་སྤོར་བ་ཡིས། །ཤ་ཚའི་སློབ་དཔོན་ལེགས་རྒྱ་མཉེས་བྱས་ཏེ། །ས་བཅུ་ལམ་ལྔར་འདོང་ན་ཅི་མི་ལེགས། །ཧ་ཧ་ཚིག་མང་དོན་ཉུང་ཀ་རྩོམ་འདི། །ཨ་ལོ་བཅོལ་ཆུང་ཀརྨ་དབང་གིས་བྲིས། །ཨ་ཙི་གསལ་བྱེད་སུམ་ཅུའི་དཔེར་བརྗོད་ཡིན། །ཧ་ཧ་གད་མོ་དགོད་བཞིན་གཟིགས་འཚལ་ལོ། ། ། ། ཞེས་པའང་རང་ཉིད་མི་ལོ་ཉི་ཤུ་ལྷག་ཙམ་གྱི་གོང་ རི་བོ་གྲུ་རྫིངས་གཉིས་པའི་བཀའ་བརྒྱད་ལྷ་ཁང་དུ་ བཤེས་གཉེན་ཆེན་པོ་ལེགས་བཤད་རྒྱ་མཚོ་ལས་ བརྡ་དང་ཐ་སྙད་སློབ་བཞིན་པའི་སྐབས་སུ་བྲིས་པའི་ཀ་རྩོམ་རྙིང་པ་ཞིག་འདུག་པ་ དེ་ལ་འཕྲི་བསྣན་དང་ལེགས་བཅོས་མང་མང་ཙམ་བྱས་པས་ ཕལ་ཆེར་མ་འདྲ་ངོ་མ་དེ་ནས་ཚིག་རྐང་དྲུག་ཙམ་གཏོགས་ཚང་མ་གསར་རྗེས་ཆགས་ཟིན་འདུག་ཀྱང་ ད་དུང་རང་ཉིད་ཀྱི་རྩོམ་འགྲོས་ཆེར་སྐྱེད་ཀྱི་ཆེད་དུ་དྲ་ཐོག་དུ་སྤེལ་བའོ། །