༈ ཚེ་གཅིག་གཏན་གྱི་དགྲ་ལྷར་འགོས་པ་ལས། །ལུགས་གཉིས་གཞིས་བྱེས་སྐྱོང་ལ་ཟླ་བྲལ་བའི། །ཁམས་གསུམ་དབང་འདུས་ལྷ་ཆེན་རྭ་བྲག་པ། །ཕྱོགས་བཞིར་རླུང་རྟ་སྤེལ་བའི་གྲོགས་དན་མཛོད། །འབྱུང་ལྔ་མཛའ་བའི་གྲོགས་སུ་འགུག་པ་ཡིས། །ཁམས་དྲུག་དྭངས་མའི་རླུང་རྟ་གནམ་ལ་འདེགས། །སྣ་བདུན་འབྱོར་པའི་དངོས་གྲུབ་ཆར་དུ་སྙིལ། །འཇིགས་བརྒྱད༌ཕྱོགས་མཐར་སྐྲོད་པའི་གྲོགས་དན་མཛོད། །འདོད་དགུས་བསམ་དོན་ལྷུན་གྲུབ་དབང་ཐང་རྒྱས། །དགེ་བཅུས་གཞིས་བྱེས་ཆོས་ཀྱི་བསྟི་གནས་བཀང། །བཅུ་གཅིག་ཀུན་ཏུ་འོད་དེར་མ་སླེབས་བར། །བཅུ་གཉིས་དོན་ཆེན་སྒྲུབ་པའི་གྲོགས་དན་མཛོད། །བཅུ་གསུམ་འཁོར་ལོས་བདག་སོགས་འཁོར་བཅས་ཀྱི། །གནས་ཡུལ་གཞིས་གསུམ་ཆོས་ནོར་གཏེར་གསུམ་སྲུང་། །སྲི་གདོན་ནད་ཟོར་རྒྱལ་པོའི་ཆད་པ་ཟློག །བཀྲ་ཤིས་རྣམ་པར་རྒྱལ་བའི་གྲོགས་དན་མཛོད། ། ། །ཅེས་པའང་རིག་འཛིན་སྐར་མས་སོ། །