༄༅། །ཀྱེ་མ་ཀྱེ་ཧུད་དཀོན་མཆོག་རིན་ཆེན་གསུམ། །དམས་བུའི་སྐྱིད་སྡུག་ཁྱེད་ཀྱིས་ཅང་མཁྱེན་ནམ། །མཁྱེན་ན་བུལ་མིན་ཐུགས་རྗེའི་སྤྱན་གྱིས་གཟིགས། །མ་མཁྱེན་གསོལ་བ་འདེབས་ལ་ངེས་པར་དགོངས། །རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །རིག་འཛིན་ང་ཡི་གནས་བབས་ཅང་གཟིགས་སམ། །གཟིགས་ན་དོན་གཉིས་སྒྲུབ་པའི་གྲོགས་དན་མཛོད། །མ་གཟིགས་གདུང་གཏམ་འདི་ལ་ཅིས་ཀྱང་གསོན། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་ལ། །གངས་མཚོ་སྙོམས་པར་རུང་མ་ཞུགས་རུང་། །རྣམ་ཀུན་མཆོག་ལྡན་ཕོ་བྲང་བས་མཐའ་ན། །ཀུན་བཟང་ཐུགས་བསྟན་པདྨོ་བཞད་ལ་རྨད། །དེ་ན་རྣམ་སྣང་དགོངས་པ་གཞིར་བཞེངས་ཏེ། །གྲངས་མེད་གདུལ་ཞིང་བཀོད་རུང་མ་བཀོད་རུང་། །སྟོང་གསུམ་མི་མཇེད་འཇིག་རྟེན་རྡུལ་སྙེད་ན། །རྣམ་འདྲེན་བཞི་པའི་ཞིང་འདི་བྱུང་བ་མཚར། །དེ་ཚེ་ངོ་བོ་གདོད་ནས་དག་པའི་དབྱིངས། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །ཐུགས་རྗེ་ཀུན་ཁྱབ་རྟེན་འབྲེལ་བསླུ་མེད་ལས། །ང་ཡི་དལ་རྟེན་པདྨོ་བཞད་ལའང་རྨད། །གང་གི་རིག་པ་ཡེ་ཤེས་ཉི་མ་ནི། །དུག་ལྔའི་སྤྲིན་གྱིས་སྒྲིབ་རུང་མ་སྒྲིབ་རུང་། །ཡིད་བྱེད་ཆར་རླུང་དྲག་པོའི་བཙན་དབང་དང་། །འདུས་བྱས་རྒྱ་མཚོའི་རླབས་ཀྱིས་ཁྱེར་འདི་སྐྱོ། །ཆུ་ཕག་ཐོ་རངས་སྤྲང་པོའི་ཁྱིམ་དུ་བལྟམས། །གཅེས་སྐྱོང་གཙང་སྦྲག་སྐྱེད་སྲིང་གསུམ་གྱིས་འཕོངས། །བགྲང་བྱ་བཅུ་ནས་སྤྲང་འཁྱར་དྭ་ཕྲུག་ཆགས། །མངོན་མཐོའི་གྲོང་ན་ངན་སོང་སྣང་བ་བྱུང་། །བཅུ་གསུམ་ལོ་ལ་སྣ་ཚོགས་རྐྱེན་དབང་གིས། །དབང་འདུས་ཆོས་ཀྱི་ཕོ་བྲང་ག་ལ་བར། །བཙུན་པའི་གཟུགས་སུ་ཆོས་སྒོར་བཙུད་ན་ཡང་། །དོན་དུ་ལྟོ་གོས་ཁོ་ནའི་ཆེད་དུ་སོང་། །དེ་ན་རྣམ་གཡེང་བག་མེད་མཆོར་སྒེག་དབུས། །བགྲང་དྲོད་ལ་སོགས་སྐྱིད་སྡུག་སྙོམས་པའི་དུས། །སུམ་རྩེན་གྲོང་ན་ཕྱིན་པའི་ཉམས་ཤར་རུང་། །ཤེས་བྱ་རིག་པའི་གནད་ནི་ཅང་མ་སྦྱངས། །ལོ་གསུམ་འཚོ་བསྐྱལ་གྱི་ནསབསྐྱངས་པའི་རྗེས། །ཕ་མ་སྤུན་ཟླའི་གྲོགས་དན་མ་མཆིས་ཀྱང་། །ཐུགས་བསྐྱེད་བཟང་པོའི་བླ་སློབ་འགའ་དྲིན་གྱིས། །ཁྱུང་དགོན་མདོ་སྔགས་དར་རྒྱས་གླིང་དེར་སླེབས། །རབ་ཀྱི་སྒྲུབ་པ་འབྲིང་གི་ཞབས་ཕྱིད་དང་། །མཐའ་མའི་རྒྱུ་དངོས་འབྲུ་རྡོག་གཅིག་ཙམ་སོགས། །བདག་གིས་འབུལ་རྒྱུ་ཅི་ཡང་མ་མཆིས་ཀྱང་། །བརྩེ་བས་རྗེས་སུ་འཛིན་པའི་བླ་སློབ་མཇལ། །མཚན་ལྡན་དགེ་བའི་བཤེས་གཉེན་དང་པོ་རུ། །བཀའ་དྲིན་གསུམ་ལྡན་ཡེ་ཤེས་རིན་ཆེན་བསྟེན། །སྐྱབས་འགྲོ་སེམས་བསྐྱེད༌ཆོས༌འབྲེལ༌ལས༌བརྩམས༌ཏེ། །ལྟོ་གོས་ཆོས་གསུམ་ཞུ་བའི་སྐལ་བཟང་ཐོབ། །འདུལ་བའི་ལུང་དང་རྒྱུ་འབྲས་ཆོས་སྐོར་སྤྱི། །མདོ་དང་སྔགས་ཀྱི་ངོ་སྤྲོད་བྱེ་བྲག་དང། །ཟུར་ཆོས་མཛངས་བླུན་མི་ལའི་མགུར་འབུམ་བཅས། །ཤེས་གསུམ་སྣང་བ་གཏོད་པའི་སྐུ་དྲིན་ཐོབ། །མཚན་ལྡན་དགེ་བའི་བཤེས་གཉེན་གཉིས་པ་རུ། །མཁས་པའི་དབང་པོ་ལེགས་བཤད་རྒྱ་མཚོ་བསྟེན། །སྡེབ་སྦྱོར་སྙན་ངག་མངོན་བརྗོད་རིག་གནས་སོགས། །སྒྲོ་འདོགས་གཅོད་པའི་གཅེས་སྐྱོང་སྐལ་བཟང་བསྩལ། །མཁས་པའི་སྒོ་འབྱེད་རྨོངས་པའི་མུན་སེལ་ལ། །བྱ་དཀའི་མཛད་པས་ནམ་ཡང་མི་བསུན་པར། །དགྱེས་ཤིང་བརྩེ་བས་ཟུར་ཆོས་དུ་མ་དང་། །བཀའ་སློབ་གསེར་ཞུན་གནང་བའི་ངོ་མཚར་མཇལ། །གཞན་ཡང་སློབ་དཔོན་ལྷ་གེའི་མཚན་ཅན་དང་། །ནཱེལ་དྲི་གཱར་སི་ཀི་ནཱིཌ་ལ་སོགས་པ། །ཐ་ན་བྱིས་པ་ཆུང་ཆུང་ཡན་ཆད་ལས། །ཤེས་བྱར་གྱུར་ཚད་བསླབ་པའི་སྐལ་བཟང་རྙེད། །བགྲང་བྱ་ཉི་ཤུར་སྨྱོན་པའི་མིང་ཐོགས་ཤིང་། །བཟོད་གླགས་མེད་པའི་དབུལ་འཕོངས་དུཿཁས་ཉེན། །འགྲོ་སྡོད་ཟ་ཉལ་བཞི་ཀའི་བགོ་སྐལ་ཟད། །རི་དྭགས་བཞིན་དུ་ནགས་སུ་འཁྱམས་དགོས་བྱུང་། །བརྩེ་བའི་ཕ་མ་དང་ནི་སྤུན་ཟླ་དང། །རྒྱུ་དང་པེ་ཤ་མེད་པའི་སེམས་ཚོར་གྱིས། །ཅི་བསམ་ཅི་ཟེར་ངེས་མེད་གྱུར་པའི་དུས། །ཀུན་གྱིས་སྙད་ཅིང་ཀུན་ཀྱང་སྡང་བ་བྱུང། །ཆུང་ངུའི་དུས་ནས་དེང་གི་ཤེས་ཡོན་དང་། །ཟས་སྐོམ་བརྙེས་པའི་རིག་རྩལ་མ་སྦྱངས་པས། །མི་ཡུལ་ཁྱི་བཞིན་འཁྱམས་པའི་གནས་སྐབས་དེར། །སྤང་འདོན་ཉ་མོ་བཞིན་དུ་བྱ་ཐབས་ཟད། །སྤྱིར་ན་མི་ལུས་བླངས་ཚད་ཐམས་ཅད་ལ། །རང་མཉམ་འཚོ་བའི་སྐལ་བ་རེ་ཡོད་ཀྱང་། །ང་ནི་ཡས་བྲུལ་མས་སྐྱེས་གང་རུང་དང་། །དྲོད་བཤེར་ལས་སྐྱེས་འབུ་བཞིན་འཁྱར་བ་བྱུང། །དེ་ཚེ་སྲང་ལ་གཞལ་བའི་བསོད་ནམས་ལྟ། །ཁབ་རྩེས་བླངས་པའི་ཚོགས་ཀྱང་མ་གསག་སྙམ། །རང་ཤི་བརྒྱབ་པའི་བསམ་པས་ཉེན་དུས་དེར། །དཀོན་མཆོག་ཁྱེད་ཀྱིས་སྐྱོབ་པ་མིན་ནམ་ཅི། །དེ་དུས་ལས་སྐལ་ཕྲན་བུས་རྒྱབ་འདེད་ཅིང་། །དད་མོས་ཡུང་སོན་ཙམ་གྱིས་མདུན་བསུས་ཏེ། །བྱ་བྲལ་རྣམ་དཀར་ཞབས་སོར་འཁོད་པའི་ཚུལ། །སྐད་ཅིག་དྲན་པས་ལུས་ཀྱི་བ་སྤུ་གཡོ། །དང་པོ་ཟླ་གསུམ་དེ་ནས་ལོ་གསུམ་བར། །དམ་པ་དེ་ཡི་རྗེས་སུ་སྙེགས་པའི་སྐབས། །གཞོན་པའི་ལོ་དང་དར་བའི་ལུས་གཉིས་ཀྱིས། །ད་དུང་ཆོས་ཀྱི་སྙིང་པོ་ལོན་མ་ནུས། །སྐྱབས་འགྲོ་སྡོམ་པ་བྱང་ཆུབ་སེམས་བསྐྱེད་དང་། །སྤྱོད་འཇུག་བཤེས་སྤྲིངས་ལ་སོགས་གསུངས་པའི་སྐབས། །ལུས་ནི་ཕ་བོང་བཞིན་དུ་དགོན་པར་བསྡོད། །སེམས་ནི་བྱིའུ་ཆུང་བཞིན་དུ་ཁྲོམ་དུ་ཐལ། །སྔོན་འགྲོ་ནས་བཟུང་ཕྱི་སྒྲུབ་ནང་སྒྲུབ་དང་། །ཡང་གསང་མཛོད་བདུན་ལ་སོགས་རྫོགས་ཆེན་གྱི། །བཀའ་ཁྲིད་དབང་ལུང་མན་ངག་བསྩལ་བའི་སྐབས། །རིན་ཐང་མ་ཤེས་གྱི་ནའི་དབང་དུ་ཤོར། །ལྷུང་མཚོ་བདེ་གླིང་སྦས་ཡུལ་ལ་སོགས་པར། །མི་འདོད་ལུས་པོ་བཙོན་འཚམས་འདམས་པའི་དུས། །ཆོས་ཀྱིས་རང་སེམས་འཐུལ་བ་ལྟ་ཅི་སྨོས། །ཆོས་གཟུགས་འཛིན་པ་ཐམས་ཅད་དགྲ་རུ་བསླངས། །དེ་ན་རྒྱུ་འབྲས་ཚིག་ཅིག་མི་ཤེས་བཞིན། །ཚིག་སྐམ་རྫོགས་ཆེན་འུར་སྒྲ་ལྡིར་ལྡིར་གྱིས། །བསམ་སྤྱོད་ངན་པའི་རྩོད་པ་བདོ་བའི་དུས། །ཆོས་དང་སྡེ་ལ་ལོག་ལྟ་དང་པོར་སྐྱེས། །ལྟར་སྣང་ཆོས་དབྱིངས་མཛོད་སོགས་བློར་ཟིན་ཀྱང་། །དོན་དུ་ཆོས་པའི་དྲི་ཙམ་མ་གོས་པར། །ད་དུང་ཆོས་སྡེར་འཚོ་བའི་དམུ་རྒོད་ཅན། །རང་ལ་བསམ་ཞིང་ལོག་ལྟ་གཉིས་པ་སྐྱེས། །དེ་ན་ཁག་ཅིག་གཏེར་གསར་ཡིན་ཁུལ་གྱིས། །ཌཱ་དྲིལ་རྐང་གླིང་གཙེར་སྒྲ་འུར་འུར་ངང། །ཀུན་སྤྱོདཉེས་པའི་སུན་འབྱིན་བདོ་བའི་ཚེ། །གཞན་ལ་བསམ་བཞིན་ལོག་ལྟ་གསུམ་པ་སྐྱེས། །མདོར་ན་བསམ་མནོ་ཡས་བཏང་མས་བཏང་གིས། །ཆོས་དང་འཇིག་རྟེན་ཁྱད་པར་དཔྱད་པའི་ཚེ། །ཕལ་ཆེར་འཚོ་ཐབས་ཁོ་ནར་མཐོང་བའི་མོད། །ལམ་སང་དབེན་པ་སྤངས་ཏེ་རྒྱལ་སར་ཕྱིན། །དང་པོ་རང་ཉིད་བཤད་གྲྭར་འདུག་པའི་སྐབས། །གཞུང་དང་རིག་གནས་རོབ་ཙམ་ཤེས་ཁུལ་དང་། །འགའ་ཡིས་སྐྱོན་མིང་དགེ་བཤེས་བོད་པ་ལས། །ལས་ཀ་ཡག་ཤོས་བརྙེས་པའི་འདུན་པ་སྐྱེས། །ལོ་གཅིག་ལོ་གཉིས་སྤྲང་འཁྱར་བྱས་པའི་མཐར། །ནང་པའི་ཆོས་དང་རིག་གཞུང་གཉིས་ཀ་ལ། །རྩིས་ཤིང་བསྐུར་བའི་མི་དང་ལས་ཁུངས་ནི། །ཉིན་མོའི་སྐར་མ་ལས་ཀྱང་ཉུང་བར་མཐོང་། །རིམ་གྱིས་ནང་པའི་རིག་གཞུང་བེད་སྤྱོད་སྤོང་། །དེ་ནས་ནང་པའི་ཆོས་ཀྱང་རྒྱབ་ཏུ་བསྐྱུར། །དབྱིན་སྐད་རྒྱ་སྐད་ཉིན་མཚན་བར་མེད་སྦྱངས། །སྟོན་པ་ཡེ་ཤུའི་རྗེས་སུའང་དེ་དུས་ཞུགས། །འཚོ་ཐབས་འདྲ་མིན་རྣམ་པ་སྣ་ཚོགས་བརྟེན། །བཟའ་མོ་གཉིས་ལ་རིགས་མྱུག་རེ་རེ་བསྐྱེད། །ཤི་གསོན་བར་ནས་གཞན་དོན་འགའ་རེ་བསྒྲུབས། །དེ་ཚེ་མི་ཆེན་འགའ་དང་འཁོན་པའང་བྱུང་། །མི་ལོ་བཅུ་ཕྲག་དམ་པའི་ལྷ་ཆོས་དང། །ནང་པའི་མི་དང་རིག་གཞུང་ལ་སོགས་ལས། །རིང་ནས་རིང་བྲོས་རྒྱ་མཚོའི་ཕ་མཐར་སླེབས། །དབྱིན་ཇིའི་ཀུན་སློང་ཀུན་སྤྱོད་བསླབ་ལ་རེངས། །བཟང་པོའི་གོས་དང་ཞིམ་དགུའི་ཁ་ཟས་དང་། །ཆང་དང་བུད་མེད་ཁང་ཁྱིམ་མོ་ཊཱ་སོགས། །ཨ་སྒོར་སྟོང་གིས་འབྱོར་པའི་ཕུན་ཚོགས་ལ། །སྐོམ་པས་ལན་ཚྭའི་ཆུ་འཐུང་བཞིན་དུ་སྤྱོད། །དབྱིན་སྐད་ཡི་ཤུ་སྐྱེ་ལྡན་རིག་པ་དང། །ཉི་ཟླ་གཟའ་སྐར་རྡུལ་གྱི་ཕྲ་རབས་སོགས། །སྐད་དང་གྲུབ་མཐའ་ཚན་རིག་ངོམས་མེད་སྦྱངས། །འཛམ་གླིང་གཙུག་ལག་ཐོན་པའི་ཁེངས་དྲེགས་བྱུང་། །ཕྱི་ལྟར་དགའ་དགའ་འདྲ་བའི་ཕུན་ཚོགས་ལ། །ཇི་ཙམ་སྐྱིད་སྐྱིད་འདྲ་བོར་སྤྱོད་ན་ཡང་། །ནང་ལྟར་དུང་དུང་ཡིད་ཀྱི་དྲྭ་ཟུར་ན། །སྐྱོ་སྣང་ལྷང་ལྷང་ལྡང་ཞིང་འོ་རེ་བརྒྱལ། །ཕར་བལྟས་ཡུལ་ལྔ་དགྲ་རུ་ལང་ངོ་སྙམ། །ཚུར་བལྟས་དབང་པོ་ལྔས་ཀྱང་བསླུས་སོ་སྙམ། །ཇི་ལྟར་བྱས་ཀྱང་མགུ་བར་མ་ནུས་པའི། །འཁྲུལ་སྣང་འཇའ་མཚོན་དེད་ཅིང་ཐང་རེ་ཆད། །ཕྱི་ལོ་ཉིས་སྟོང་ཉི་ཤུར་ནད་ཀྱིས་ཟུན། །ཕྱེད་ཤི་ལན་གཅིག་སྨན་དཔྱད་ལན་གཉིས་དང་། །བདུན་ཕྲག་གཉིས་ཙམ་བསམ་ཞིབ་བྱས་པའི་རྗེས། །ནང་ཆོས་སྙིང་གི་དཀྱིལ་ནས་དྲན་པ་བྱུང། །ཟླ་གསུམ་བློ་ལྡོག་རྣམ་བཞི་ལས་བརྩམས་ཏེ། །སྐྱབས་འགྲོ་སེམས་བསྐྱེད་བཤགས་སྦྱོངས་རེམས་པའི་སྐབས། །འཆི་བདག་ཞགས་པས་ཟུན་པའི་སེམས་ཤུགས་ཀྱིས། །ཅི་བྱས་ཁྲི་འགྱུར་འབུམ་འགྱུར་སོང་བར་ཚོར། །སྔར་གྱི་བཤེས་དང་གྲོགས་རྙིང་འགའ་ཡིས་གཙོས། །གྲྭ་ཚང་དགོན་སྡེ་གནས་ཆེན་ཁག་ཁག་ཏུ། །ཅི་འབྱོར་དངུལ་དང་རྒྱུ་ཡི་ཡོན་ཕྲན་འབུལ། །བཤགས་སྨོན་བརྒྱ་སྟོང་བཏོན་པའི་རྒྱབ་རྟེན་ཞུས། །དེ་རྗེས་དང་པོ་བསླུ་མེད་དཀོན་མཆོག་དང་། །གཉིས་པ་གཡེལ་མེད་རྩ་གསུམ་ཐུགས་རྗེ་ལས། ། (Portion redacted) བསྐྱེད་པའི་སྙིང་པོ་མ་ཧཱ་ཡོ་ག་ལ། །ཐུགས་རྗེ་དག་རྫོགས་སྨིན་གསུམ་གཞིར་བཞག་ཐོག །རང་བཞིན་སྣང་གྲགས་རིག་པའི་ཚོགས་ཐམས་ཅད། །ངོ་བོ་གདོད་མའི་ལྷ་དང་བླ་མར་སྤྱོད། །རྫོགས་པའི་སྙིང་པོ་ཨ་ནུ་ཡོ་ག་ལ། །གཞི་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང། །རང་བྱུང་ཀུན་བཟང་བདེ་ཆེན་ལྷུན་གྲུབ་གཉིས། །དབྱེར་མེད་བྱང་སེམས་ལྷན་ཅིག་སྐྱེས་པར་སྒོམ། །ཟུང་འཇུག་སྙིང་པོ་ཨ་ཏི་ཡོ་ག་ལ། །རང་རིག་ཡེ་སངས་རྒྱས་པར་ཐག་ཆོད་དེ། །ཡེ་བབས་སོར་བཞག་ལྷུན་གྲུབ་ཐོད་རྒལ་ངང། །སྤྱིར་སྣང་ཆོས་ཉིད་རོལ་པའི་ངང་དུ་ལྟ། །འདི་ལ་འཛམ་གླིང་གད་མོ་དགོད་ཀྱང་རུང་། །སུ་དང་གང་གིས་འཕྱ་སྨོད་བྱས་ཀྱང་རུང་། །ས་དང་ཟུར་ནས་མཛུབ་མོ་བཀེར་ཀྱང་རུང་། །རང་གིས་རང་མི་བསླུ་བའི་དམ་ཞིག་བཅས། །བླ་མར་མོས་གུས་གདུང་ཤུགས་འཕེལ་དང་གཅིག །ཆོས་ལ་དག་སྣང་གཏིང༌ནས་རྒྱས་དང་གཉིས། །འགྲོ་ལ་རྩོལ་མེད་སྙིང་རྗེ་སྦྱོང་དང་གསུམ། །འདི༌གསུམ༌རྩལ་དུ་འདོན་ལ་རུས་ཤིག་བསྐྱེད། །དེ་མིན་གཏན་ཚིགས་དམ་བཅའ་མཁས་དང་གཅིག །ལྷ་མཐོང་འདྲེ་ཐུལ་འུར་སྒྲ་ཆེ་དང་གཉིས། །མངའ་ཐང་གོ་གནས་ཁྲི་འཕང་མཐོ་དང་གསུམ། །འཇོན་རུང་མི་འདོད་སྙིང་ནས་ལིང་གྱིས་སྐྱུར། །ཀྱེ་མ་རང་ལུས་ཨར་འདམ་བྲག་རོང་དུ། །མི་འདོད་འཚོ་བསྐྱལ་ཞགས་པས་འཆིང་དུས་འདིར། །རང་སེམས་ཚོགས་དྲུག་ཡུལ་ལས་མཚམས་གཅོད་ཚེ། །གད༌མོའི༌གནས༌སུ་གྱུར་ཀྱང་ཁྱད་ཅི་ཡོད། །ཆོས་ཀྱི་རྩ་བར་སྐྱབས་འགྲོ་སེམས་བསྐྱེད་དང་། །དགེ་སྦྱོང་སྙིང་པོར་ཚོགས་གསག་སྒྲིབ་སྦྱོང་བརྩོན། །ཞོར་དུ་རང་བསྟེན་མི་ལ་ཕན་རེ་འདོགས། །མི་ཁྲོད་རིག་འཛིན་རློམས་ཀྱང་འགལ་དོན་ཅི། །གང་དག་དགོད་ཅིང་འཕྱ་སྨོད་གཏོང་བ་དང་། །སུ་གང་སྡང་ཞིང་གནོད་འཚུབ་རྩོམ་པ་འམ། །གཞན་དག་འཛུམ་ཞིང་ངོ༌བསྟོད༌བཤད༌པ་ཡང་། །མདངས༌ཀྱི༌རྨི༌ལམ༌ཙམ་དུ་བློ་ཡིས་ཐོང་། །སྦྱིན་པའི་རྩ་བར་མགྲོན་བཞི་མཆོད་ལ་འབད། །ཚུལ་ཁྲིམས་རྩ་བར་སྔགས་ཀྱི་དམ་ཚིག་སྲུང་། །བཟོད་པའི་སྙིང་པོར་ཞང་འཁོར་གདུག་རྩུབ་སྲན། །བརྩོན་འགྲུས་སྙིང་པོར་ཆོས་སྤྱོད་བྱ་བར་སྤྲོ། །བསམ་གཏན་རྩ་བར་སྐུ་དང་ཡེ་ཤེས་སྒོམ། །ཤེས་རབ་རྩ་བར་ཉག་ཅིག་རྩ་གདར་གཅོད། །གྲོང་དུ་བསྡོད་ཀྱང་ཆོས་ཀྱི་སྙིང་པོ་ལོན། །དགོན་པར་ཕྱིན་ཀྱང་དེ་བས་ཅི་ཞིག་ཡོང་། །སྐབས་འགར་ཚེ་སྟོད་མྱོང་བའི་སྡུག་རུས་ལ། །ལན་རེ་བལྟས་ཀྱང་སྐྱོ་སྣང་དུང་དུང་རེ། །སྐབས་འགར་ད་ལྟ་བྱུང་བའི་འབྲས་བུ་ལ། །མ་བལྟས་ན་ཡང་དགའ་ཚོར་ལྷང་ལྷང་རེ། ། (Portion Redacted) རང་ནི་ཅི་ཡང་མི་ཤེས་མི་འཇོན་ལགས། །སྡེ་དང་ཆོས་ཁོངས་གཏོགས་པའང་མ་མཆིས་ཤིང་། །ཟང་ཟིང་ནོར་གྱི་འདོད་པའང་སྤོང་ཟིན་དུས། །བསྟན་འགྲོའི་ཁ་སྙད་དེ་ཡིས་ཅི་ཡོང་སྙམ། །ཉིན་འགའ་བསམ་ཞིབ་ཡང་ཡང་བྱས་པའི་རྗེས། །ས་རྡོ་བརྩེག་པའི་དགོན་པ་བཞེང་པ་དང་། །བྱི་གཞོན་བསྡུད་པའི་ཆོས་སྡེ་འཛུག་པ་ལས། །གདན་གསུམ་དགོན་འདི༌ཡུན་ཙམ་འཛིན་ནོ་བསམ། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་སྟན་འདིར་ཡོང་བའི་སེམས་ཀྱང་སྐྱེད། །ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱིས་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ཅི་མི་བསྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད་ཀྱིན་འགྲོ། །ཀྱེ་མ་དཀོན་མཆོག་རིན་ཆེན་རྩ་བ་གསུམ། །བདག་གི་བེམ་རིག་མཉམ་འབྱར་གོག་ཧྲུལ་འདི། །གཞན་ལ་སྨན་ན་ཡུན་འཚོ་བདེ་བར་གསོ། །དེ་མིན་ཕངས་མེད་ལིང་གིས་བསྐྱུར་ནུས་ཤོག །བདག་གི་ཟོང་ཆས་ཀུན་གྱི་མཆོག་གྱུར་པ། །སྐར་ཆ་རེ་རེ་བཞིན་གྱི་དུས་ཚིགས་ཀྱང། །གཞན་ཕན་བྱ་བའི་གཏན་རྩར་མ་འཛུག་ན། །ཧོབ་འཕྲོག་རྣམ་གཡེང་ཇག་པར་མི་འཆོར་ཤོག །ཡར་སྔོན་ཆབ་སྲིད་ཉེས་པའི་དབང་སོང་སྟེ། །བདག་གིས་མི་ཆེན་གྲོས་ལ་ཇུས་གཏོགས་ཤིང། །མཛའ་བའི་མི་གྲོགས་སྡུག་ལ་འབྱར་ཡོད་ན། །བུ་ལོན་ལན་ཆགས་ཚེ་འདིར་བྱང་བར་ཤོག །ཀྱེ་ཧུད་ཧི་མ་ལ་ཡའི་གངས་རྒྱུད་ནང་། །ཕྱི་དགྲ་རྒྱ་མིའི་འཚེ་བ་ཡས་ནས་ཞི། །ནང་དགྲ་རྒྱ་གར་འཚེ་བ་མས་ནས་ཀློད། །གསང་དགྲ་དབང་ཆེན་གདུག་གཙེས་བར་ཡལ་ཤོག །ཀུན་ཀྱང་རང་རང་འདོད་པའི་རེ་སྒུག་ལྟར། །རྩོམ་པའི་བྱ་བ་བགེགས་མེད་མཐར་ཕྱིན༌ཞིང་། །ནད༌ཡམས༌དམག༌འཁྲུཊ༌མུ༌གེས་མི་ཉེན་པར། །དཀོན་མཆོག་གསུམ་གྱིས་རྟག་ཏུ་སྐྱོབ་པར་ཤོག །གཞན་ཡང་གནོད་ཅིང་འཚེ་བའི་ལོག་འདྲེན་དང་། །བདུད་དང་དམ་སྲི་མི་དང་མི་མིན་རྣམས། །བསམ་ངན་གདུག་རྩུབ་ཆོས་ཀྱི་དབྱིངས་སུ་ཞི། །སྙིང་རྗེ་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོག །བདག་ཀྱང་ཇི་སྲིད་འཚོ་བ་དེ་སྲིད་དུ། །རྣམ་དཀར་ལྷག་བསམ་ལྗོན་པའི་སྡོང་པོ་ལས། །གཞན་ཕན་གཡུར་དུ་ཟ་བས་མི་ངལ་ཞིང། །མི་མཐུན་གཡུལ་ལས་རྟག་ཏུ་རྒྱལ་བར་ཤོག །མདོར་ན་བདག་ཉིད་སྐྱེ་བའི་ཉིན་ནས་བཟུང་། །ནམ་ཞིག་བེམ་རིག་སོ་སོར་མ་འབྲལ་རིང་། །བཟང་ངན་འབྲིང་གི་འབྲེལ་བ་ཐོགས་ཚད་ཀུན། །ཕྱམ་ཅིག་སངས་ཆུང་མཉམ་དུ་བརྒྱ་བར་ཤོག །དེ་ལྟར་གསོལ་འདེབས་སྨོན་པའི་རང་སྣང་གི །གཏམ་འདི་གང་གིས་མཐོང་ངམ་ཐོས་པའི་མོད། །དགའ་དང་མི་དགའི་ཚོར་བ་གང་སྐྱེས་ཀྱང་། །དེ་རྒྱུད་ཐར་པའི་ས་བོན་ཐེབ་པར་ཤོག ། ། ། ཅེས་པའང་༑ མིང་མེད་བེམ་རིག་མཉམ་འབྱར་གྱི་གོག་ཧྲུལ་རང་ཉིད། (Portion redacted) ད་གཟོད་ཅིས་ཀྱང་གང་དྲན་ཚིགས་སུ་བཅད་པའི་གཏམ་ཞིག་འབྲི་སྙམ་པའི་མོད་ལ། སེམས་འགུལ་གྱི་རྦ་རླབས་གཡོས་ཏེ། ཚིག་ཕྲེང་གྱི་ཆུ་འཛིན། ཤོག་ངོས་ཀྱི་ལྷ་ལམ་དུ། ཚེགས་མེད་དུ་དཀྲིས་པ་ལས། སྐྱུག་བྲོ་བའི་སྙན་ངག་གི་སྦྲང་ཆར། འདི་ལྟར་འཕོབ་པའི་དགེ་བས་ཀྱང་མཐོང་ཐོས་དྲན་རེག་ཐམས་ཅད། འོག་མིན་པདྨ་འོད་དུ་བགྲོད་པའི་རྒྱུར་གྱུར་ཅིག ། ། ། ཛཱཡནྟུ། །
བརྡ་གསོལ༑ རང་སྣང་སྣ་ཚོགས་ཀྱི་དྲན་གཏམ་འདིའི་ཆ་ཤས་བརྒྱ་དཔྱ་༥༠ ཙམ་རེ་ཞིག་ཕྱིར་འཐེན་བྱས་པ་ལགས། དགོངས་དག་ཞུ། །