Lineage Prayer

བླ་མ་བརྒྱུད་པའི་གསོལ་འདེབས་ནི།

༄༅། ། ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང་༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁ་བསྐོང་བརྒྱུད་འདེབས་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ་གསོལ་བ་འདེབས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །རིག་འཛིན་ཤྲཱི་སེངྷ་ལ་གསོལ་བ་འདེབས། །པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས། །སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །དགེ་སློང་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས། །ལྷ་སྲས་མུ་ཁྲི་བཙན་པོ་ལ་གསོལ་བ་འདེབས། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་གསོལ་བ་འདེབས། །རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས། །འཇིགས་མེད་འཕྲིན་ལས་འོད་ཟེར་ལ་གསོལ་བ་འདེབས། །འཇིགས་མེད་རྒྱལ་བའི་མྱུ་གུ་ལ་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །འཇིགས་མེདཆོས་ཀྱི་དབང་པོ་ལ་གསོལ་བ་འདེབས། །མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ལ་གསོལ་བ་འདེབས། །གཞན་ཕན་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། །དཔ་ལྡན་རྭ་ཧོར་ཆོས་གྲགས་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ་གསོལ་བ་འདེབས། །མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །འདི་ཕྱི་བར་དོ་གསུམ་དུ་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། །སྐྱེ་མེད་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །

རྫོགས་ཆེན་ཉེ་བརྒྱུད་གསོལ་འདེབས་ནི།

༈ ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་༔ ལོངས་སྐུའི་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུའི་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ ཤྲཱི་སེངྷ་དོན་དམ་ཆོས་ཀྱི་མཛོད༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུར༔ ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་༔ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡ་གྲོལ་ཀློང་ཆེན་ཞབས༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་རྩོལ༔

ཀློང་ཆེན་སྙིང་ཐིག་ཉེ་བརྒྱུད་གསོལ་འདེབས་ཁ་སྐོང་ནི།

༈ དྲི་མེད་གཞི་དབྱིངས་ནང་གསལ་བུམ་སྐུའི་ཀློང་། །སྤྲོས་བྲལ་འོད་གསལ་ཆེན་པོར་སངས་རྒྱས་ཏེ། །ཁྱབ་བརྡལ་རབ་འབྱམས་དགོངས་པའི་རྩལ་རྫོགས་པའི། །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །གསང་ཆེན་ཐེག་པ་མཆོག་གི་ཕོ་བྲང་དུ། །མི་ཤིགས་ཟག་མེད་དོན་དམ་བདེ་བ་ཆེར། །རྣམ་རོལ་མཁྱེན་བརྩེའི་འོད་ཟེར་འགྲོ་བའི་མགོན། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་དང་། །དབྱེར་མེད་གཏེར་ཆེན་སངས་རྒྱས་གླིང་པ་ཡི། །ཡང་སྤྲུལ་སྦས་པའི་རྣལ་འབྱོར་ཟོལ་བྲལ་བ། །ཀུན་བཟང་གཞན་ཕན་ཞབས་ལ་(འཇིགས་མེད་འཕྲིན་ལས་འོད་ཟེར་)གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། ། འཇིགས་མེད་རྒྱལ་བའི་མྱུ་གུ་ལ་གསོལ་བ་འདེབས། །འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་འཕྲུལ། །རྒྱལ་སྲིད་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབ་བདུད་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤཱ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །རིག་འཛིན་ཆེན་པོ་པདྨའི་རིང་ལུགས་ལ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང་མཛད་ཅིང༌། །ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེའི་ཡང་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། །

རང་ལུགས་བརྒྱུད་པའི་གསོལ་འདེབས་ཁ་སྐོང་ནི།

༈ མདོ་སྔགས་གང་གཱ་འཛིན་མའི་གཏིང་དང་མཐའ། །ཐོས་བསམ་གྲུ་རྫིངས་ཆེན་པོས་ལེགས་དཔོག་པས། །ཉམས་རྟོགས་ཡིད་བཞིན་ནོར་བུའི་གཏེར་ལོན་པ། །དཔལ་ལྡན་རྭ་ཧོར་ཆོས་གྲགས་ལ་གསོལ་བ་འདེབས། །འཕགས་པའི་ཡུལ་དུ་རྒྱལ་སྲས་ཞི་བ་ལྷ། །གངས་ཅན་ལྗོངས་སུ་དངུལ་ཆུ་ཐོགས་མེད་ཞབས། །ལྗོངས་འདིར་རྣམ་དཀར་དོན་ཀུན་གྲུབ་པའི་དཔལ། །རྩ་བའི་བླ་མའི་ཞབས་ལ་གསོལ་བར་འདེབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨོའི་ཟིའུ་འབྲུ་ལ། །འབྲལ་བ་མེད་པ་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་རིག་འཛིན་སྐར་མས་ཁ་སྐོང་བའོ། །

འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་གསོལ་འདེབས་བཞུགས།

༈ རྣམ་ཀུན་མཆོག་ལྡན་ཆོས་སྐུའི་མཁའ་དབྱིངས་ལས། །ཡན་ལག་བདུན་ལྡན་ལོངས་སྐུའི་ཉ་རྒྱས་ཟླ། །གདུལ་བྱའི་ཚོགས་ལ་བསམ་ཡས་སྤྲུལ་སྐུའི་ཚུལ། །སྒྱུ་འཕྲུལ་དྲ་བར་བསྒྱུར་ལ་གསོལ་བ་འདེབས། །ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡང་དག་ཐུགས་ཀྱི་གསང་མཛོད་སྒོ་ཕྱེ་སྟེ། །གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་བསྒྱུར་བའི། །སློབ་དཔོན་ཧཱུཾ་ཀ་ར་ལ་གསོལ་བ་འདེབས། །ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དུ། །འཇམ་དཔལ་སྐུ་ཡི་ས་བོན་ལེགས་བཏབ་པས། །རྡོ་རྗེ་བཞི་ཡི་འབྲས་བུ་ཡོངས་སྨིན་པ། །འཇམ་དཔལ་གཤིན་རྗེ་གཤེད་ལ་གསོལ་བ་འདེབས། །ནུབ་ཕྱོགས་ལངྐ་བརྩེགས་པའི་དུར་ཁྲོད་དུ། །པདྨ་གསུང་གི་ཆུ་གཏེར་རབ་བརྒལ་ནས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ནོར་ཐོབ་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །བྱང་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ། །ཕུར་པ་ཕྲིན་ལས་རྡོ་རྗེའི་མཚོན་བརྡུངས་པས། །སྲིད་གསུམ་དབྱིངས་སུ་སྒྲོལ་བའི་མཐུ་ཐོབ་པ། །པྲ་ཆེན་ཧ་སྟིའི་ཞབས་ལ་གསོལ་བ་འདེབས། །ཤར་ལྷོ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ། །རྦོད་གཏོང་མ་མོའི་དགའ་མར་རྟག་རོལ་བས། །ཟག་མེད་བདེ་ཆེན་ལང་ཚོ་རབ་རྒྱས་པ། །དྷ་ན་སཾ་སྐྲྀའི་ཞབས་ལ་གསོལ་བ་འདེབས། །ལྷོ་ནུབ་གསང་ཆེན་་རོལ་པའི་དུར་ཁྲོད་དུ། །ཡོན་ཏན་བདུད་རྩིའི་བཅུད་ལ་ལོངས་སྤྱོད་པས། །འཕོ་མེད་འཇའ་ལུས་མཆོག་གི་སྐུར་བཞེངས་པ། །བི་མ་མི་ཏྲའི་ཞབས་ལ་གསོལ་བ་འདེབས། །ནུབ་བྱང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །འཇིག་རྟེན་མཆོད་བསྟོད་དཔུང་ཚོགས་རབ་བརྔན་པས། །མ་རུངས་བདུད་སྡེའི་གཡུལ་ངོ་ཕམ་བྱས་པ། །རོམ་བུ་གུ་ཧྱའི་ཞབས་ལ་གསོལ་བ་འདེབས། །བྱང་ཤར་འཇིག་རྟེན་བརྩེགས་པའི་དུར་ཁྲོད་དུ། །དྲག་སྔགས་དམོད་པའི་མེ་དཔུང་རབ་འབར་བས། །ཕས་རྒོལ་རྩི་ཤིང་བསྲེགས་པའི་མཐུ་ཐོབ་པ། །ཤཱནྟིཾ་གར་བྷའི་ཞབས་ལ་གསོལ་བ་འདེབས། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ། །སྒྲུབ་སྡེ་བརྒྱད་ལ་མངོན་པར་བྱང་ཆུབ་ནས། །རིག་འཛིན་རྣམ་བཞིའི་གོ་འཕང་མཆོག་བརྙེས་པ། །ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་རྒྱལ་རྣམས་ཀྱི། །མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན། །བདག་གིས་ལེགས་ཐོབ་རྡོ་རྗེའི་སྐུར་སྨིན་ཏེ། །མ་ལུས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་འདི་ཉིད་རི་བོ་དགའ་ལྡན་པའི་རབ་འབྱམས་དོན་གྲུབ་རྒྱ་མཚོས་བསྐུལ་པའི་ངོར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ནོད་ནས་ཐེ་ཚོམ་གྱི་གེགས་མ་ཞུགས་པའི་རྫོགས་ཆེན་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་བྱ་བའི་བྱ་བྲལ་བས་ཐོལ་བྱུང་དུ་ཤར་བ་ཡིད་ཆེས་ཐོབ་ནས་བྱང་ཕྱོགས་མཚོ་སྔོན་ནས་སྤེལ་བ་འབྲེལ་ཐོབ་ཐམས་ཅད་ཀྱི་རྒྱུད་ལ་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །